ཞི་ཅིན་ཕིང་གིས་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་ས་ཡ་སི་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་ས་ཡ་སི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨེ་རི་ཐྲེ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་ནུས་ལྡན་བྱེད་ཀྱི་ཡོད། ན་ནིང་ཟླ་5པར། སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བས་ང་ཚོའི་དབར་གྲུབ་པའི་ཐུན་མོང་ངོས་འཛིན་གལ་ཆེན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཨེ་རི་ཐྲེ་ཡ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱར་སྲུང་སྐྱོང་བརྟན་པོ་བྱེད་པ། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཨེ་རི་ཐྲེ་ཡའི་འབྲེལ་བར་ལྟ་སྟངས་འཛིན་པ་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཨེ་རི་ཐྲེ་ཡ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨེ་རི་ཐྲེ་ཡ་ཕྱོགས་གཉིས་པོས་སེམས་པ་གཅིག་མཐུན་གྱི་སྤུན་ཟླ་བཟང་པོ་དང་། གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་བཟང་པོ། དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་མཁན་གྱི་གྲོགས་པོ་བཟང་པོ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡ་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས། “ཨ་ཧྥེ་རི་ཁའི་ཟུར་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བསམ་བཀོད”སོགས་ཀྱི་གྲོས་འགོ་དང་ལམ་སྲོལ་གྱི་ལས་སྟེགས་ཡག་པོ་སྤྱོད་པ་དང་། ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཨེ་རི་ཐྲེ་ཡ་ཕྱོགས་ཀྱི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོ་དང་ཨེ་རི་ཐྲེ་ཡ་དབར་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་ལ་ལྟ་སྟངས་གཅིག་མཚུངས་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་རྒྱུན་འཁྱོངས་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ལེགས་པ་བྱས་ཏེ་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཤུགས་རྒྱག་འདོད་ཡོད།
དབྱི་ས་ཡ་སིས་གསུངས་དོན། ང་ལོ་57གྱི་གོང་ཀྲུང་གོར་འཚམས་འདྲིར་ཐེངས་དང་པོ་ཡོང་བ་ཡིན། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དངོས་སུ་མཐོང་བྱུང་། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་གནད་འགག་ཆེན་པོར་གྱུར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་སྟོབས་ཤུགས་སུ་ཉིན་རེ་བཞིན་འགྱུར་བཞིན་ཡོད། ཨེ་རི་ཐྲེ་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་ལོ་རྒྱུས་གཏིང་ཟབ་པ་དང་། མཛའ་གྲོགས་བརྟན་པ། མཉམ་ལས་ཡག་པ་བཅས་ཡོད་པས། ཕྱོགས་གཉིས་པོར་གནད་དོན་མང་པོའི་ཐད་ཐུན་མོང་གི་ངོས་འཛིན་ལྡན་ཡོད།