ཞི་ཅིན་ཕིང་གིས་ཀི་ནེ་ཡའི་ཙུང་ཐུང་ཏུན་པུའུ་ཡ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཀི་ནེ་ཡའི་ཙུང་ཐུང་ཏུན་པུའུ་ཡ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀི་ནེ་ཡ་ནི་ཀྲུང་གོ་གསར་པས་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁར་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་ཟླ་བ་རྗེས་མར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་རྒྱུ་རེད། ལོ་65ཡི་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་བྱས་ནས་ཕར་ཕྱོགས་ཀྱིས་རང་བཙན་རང་བདག་གི་ལམ་བུའི་ཐོག་སྐྱོད་པར་རྒྱབ་སྐྱོར་བྱས་པ་དང་། འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པའི་དངོས་སྒྲུབ་མཉམ་ལས་བྱས་པ། ཕན་ཚུན་ལྟ་སྐྱོང་མཐའ་འཁྱོངས་བྱས་ནས་ཕར་ཕྱོགས་ལ་དཀའ་ངལ་འཕྲད་སྐབས་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཀི་ནེ་ཡའི་སྲོལ་རྒྱུན་མཛའ་གྲོགས་སྐྱེད་སྲིང་དང་དར་སྤེལ་ཡག་པོ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ད་ཐེངས་ཀྱི་དབུ་ཚོགས་ཐོག་འདོན་ཉེར་ཡོད་པའི་བྱེད་ཐབས་གལ་ཆེན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ཁུངས་གསར་སྤེལ། གྲོང་གསེབ་འཕེལ་རྒྱས། དབུལ་པོ་ཉུང་གཏོང་། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀི་ནེ་ཡའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་རམ་འདེགས་བྱས་ཏེ་ཀྲུང་གོ་དང་ཀི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་འདོགས་ཀྱི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨ་ཧྥེ་རི་ཁ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་རྨང་རྡོ་ལྟ་བུ་ཡིན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནུས་ལྡན་ཞིག་ཡིན་པ་མ་ཟད། ལྷོ་ལྷོ་མཉམ་ལས་ཀྱི་དར་ཆ་ཞིག་དེ་བས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་ད་ཐེངས་ཀྱི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཏུན་པུའུ་ཡ་ཡིས་གསུངས་དོན། ཀྲུང་གོར་ཡོང་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀི་ནེ་ཡ་ནི་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དང་པོ་དེ་རེད། ཀི་ནེ་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱས་ནས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་བའི་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་སྔོན་ཐོན་འདུ་ཤེས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ནི་ཀི་ནེ་ཡའི་ངོས་ནས་བརྗོད་ན་དཔྱད་གཞི་རྩ་ཆེན་ཞིག་རེད།