དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་དུས་གསར་པ་བསུ་བའི་གྲ་སྒྲིག་ལས་དོན་ཚགས་ཚུད་པོ་བྱས་པ།

    —— མངའ་རིས་ས་ཁུལ་སྒར་རྫོང་སློབ་འབྲིང་གིས་སློབ་དུས་གསར་པར་བསུ་བ་ཞུས་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-04

    འདི་ནི་སྒར་རྫོང་སློབ་འབྲིང་སྤྱི་གཉེར་ཁྲུའི་ལས་རེས་དགེ་རྒན་གྱིས་སློབ་གྲྭའི་ཟ་ཁང་དུ་བཟའ་བཅའི་རྒྱུ་ཆར་ཞིབ་བཤེར་རྩིས་ལེན་བྱེད་བཞིན་པ།

    ནམ་དུས་སྟོན་ཀ་ཤར་ཞིང་བསིལ་རླུང་དལ་གྱིས་ལྡང་། དུས་མཚམས་ཤིག་རིང་ལྷིང་འཇགས་སུ་གནས་པའི་མངའ་རིས་ས་ཁུལ་སྒར་རྫོང་སློབ་འབྲིང་དུ་སློབ་དུས་གསར་པ་འགོ་ཚུགས་པ་དང་སྦྲགས་འཁྲུག་ཆ་དོད་པོར་གྱུར། སློབ་དུས་གསར་པའི་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་ནས་ལས་དོན་ཁག་མགྱོགས་མྱུར་རྒྱུན་གཏན་གྱི་འཁོར་ལམ་ཐོག་སྐྱོད་ཐུབ་པར་འགན་ལེན་བྱ་ཆེད། སྒར་རྫོང་སློབ་འབྲིང་གི་དགེ་རྒན་དང་ལས་བཟོ་ཚོས་སྔ་སྣུར་དུ་ལས་གནས་སུ་ལོག་ནས་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

    “སློབ་དུས་གསར་པ་འགོ་མ་ཚུགས་གོང་། ང་ཚོས་སློབ་སྤྱིའི་གཞུང་ལས་ཚོགས་འདུ་དང་། དགེ་རྒན་གྱི་ཚོགས་ཆེན། འཛིན་བདག་གི་ཚོགས་འདུ་བཅས་ཁག་སོ་སོར་འཚོགས་ནས་སློབ་དུས་གསར་པའི་ལས་དོན་བཀོད་སྒྲིག་བྱས་པ་དང་། སློབ་འགོ་ཚུགས་པའི་འགན་ལེན་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་ཉམས་འགྱུར་དེ་བས་ལེགས་པའི་ངང་སློབ་དུས་གསར་པ་དང་ཕྲུ་གུ་ཚོར་བསུ་བ་ཞུ་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད”ཅེས་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐའོ་ཅིང་ཧྭ་ཡིས་བཤད།

    ཉེ་ཆར་གསར་འགོད་པ་སྒར་རྫོང་སློབ་འབྲིང་དུ་སྐྱོད་སྐབས། སློབ་གྲྭའི་དགེ་རྒན་དང་ལས་དོན་མི་སྣས་སློབ་མའི་ཟ་ཁང་ལ་ཕྱོགས་ཡོངས་ནས་གཙང་སྦྲ་བྱེད་བཞིན་འདུག གཡོས་སྦྱོར་ཁང་ནས་ཟ་ཁང་བར་གྱི་སྒྲོག་ཙེ་དང་རྐུབ་སྟེགས་དང་། སྒོ་དང་སྒེའུ་ཁུང་། ས་ངོས་དང་ གྱང་ངོས་བཅས་ལ་གཙང་སྦྲ་ཞིབ་ཚགས་བྱེད་པ་དང་། ཚང་མས་ཕྱར་བ་གྲུ་འདེགས་དང་ལས་བགོས་མཉམ་ལས་བྱས་ནས་སློབ་གྲྭའི་ཟ་ཁང་ནང་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ནས་འདུག

    “ཉེ་དུས་ང་ཚོས་སློབ་གྲྭ་དང་། སློབ་མའི་ཉལ་ཁང་། ཁྲུས་ཁང་སོགས་སྤྱི་པའི་ས་ཁོངས་ཚང་མར་གཙང་སྦྲ་བྱས་པ་ཡིན། དགེ་རྒན་དང་ལས་བཟོ་ཚོས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་སློབ་མ་ཚོར་གཙང་ཞིང་གྲལ་འགྲིག་པ་དང་དྲོ་སྐྱིད་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཅིག་བསྐྲུན་ཡོད”ཅེས་སྒར་རྫོང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་བསོད་ནམས་སྐལ་བཟང་གིས་གསར་འགོད་པར་བཤད།

    སློབ་མ་སློབ་གྲྭར་ལོག་རྒྱུར་སྟབས་བདེ་སྐྲུན་ཆེད། སྒར་རྫོང་སློབ་གསོ་ཅུས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ངང་བསུ་སྐྱེལ་བྱས་པ་རེད། སློབ་འགོ་ཚུགས་པའི་སྔ་ནུབ་ཏུ་འཛིན་གྲྭ་ཁག་གི་འཛིན་བདག་གིས་སྔ་སྣུར་དུ་སློབ་གྲྭར་ལོག་མཁན་སློབ་མའི་མི་གྲངས་བསྡོམས་རྩིས་བྱས་པ་དང་། ད་ལོའི་དབྱར་གསེང་ཐིམ་རྗེས་གཙོ་ཚོ་ཤང་དང་། དགུན་ས་ཤང་། མོན་མཚེར་ཤང་། བཀྲ་ཤིས་སྒང་ཤང་བཅས་ཀྱི་སློབ་མ་84གཅིག་སྡུད་ཐོག་སློབ་གྲྭར་ལོག་རྒྱུ་ཡིན་པས། སློབ་གྲྭས་བསུ་སྐྱེལ་དགེ་རྒན་བཀོད་སྒྲིག་བྱས་ཏེ་ཤང་ཁག་ཏུ་སློབ་མ་བསུ་བར་བསྐྱོད་ནས་སློབ་མ་བདེ་བླག་ངང་སློབ་གྲྭར་ལོག་ཐུབ་པར་འགན་ལེན་བྱས་པ་རེད།

    “དབྱར་ཁའི་གུང་གསེང་རིང་དགེ་རྒན་ཚོ་རང་སྐྱོང་ལྗོངས་ཀྱི་2024ལོའི་མི་དམངས་སློབ་གསོའི་པར་གཞིའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་བསླབ་གཞི་གསར་པའི་དགེ་རྒན་ཡོངས་ཀྱི་དྲ་རྒྱའི་གསོ་སྦྱོང་ནང་ཞུགས་ཏེ། རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེགས་བརྒྱུད་དབྱར་ཁའི་གུང་གསེང་གི་དགེ་རྒན་གྱི་ཞིབ་འཇུག་ཟབ་སྦྱོང་སློབ་ཚན་སྦྱངས་པ་དང་། དགེ་རྒན་ཚོས་བསླབ་གཞི་གསར་པར་ཞིབ་འཇུག་ཞིབ་ཚགས་བྱས་པ། སློབ་ཁྲིད་བྱེད་ཐབས་ཞིབ་ཚགས་བཟོས་པས་ཞིབ་འཇུག་ལ་ཕན་འབྲས་དངོས་ཐོན་ཡོད”ཅེས་སྒར་རྫོང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཆོས་སྒྲོལ་མས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།