མཛའ་གཅུགས་བརྩེ་བ་ཟབ། འབྱུང་འགྱུར་མཉམ་དུ་གཏོད།
—— ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་པའོ་ཧྲན་སློབ་གླིང་གིས་འཕྲིན་ཡིག་བསྐུར་རེས་བྱེད་སྒོ་སྤེལ་བ།
འདི་ནི་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་བྱེད་པས་འཕྲིན་ཡིག་ཀློག་བཞིན་པ།
འདི་ནི་པའོ་ཧྲན་སློབ་གླིང་གི་སློབ་མ་ཙོའུ་ཅིང་དང་ཧྲི་སི་དབྱིས་འཕྲིན་ཡིག་འབྲི་བཞིན་པ།
འདི་ནི་པའོ་ཧྲན་སློབ་གླིང་གི་སློབ་གསོ་སློབ་གླིང་གི་འཕྲིན་ཡིག་གཏོང་རེས་བྱེད་སྒོར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཡིན་པ།
བོད་དང་ཡུན་ནན་ནི་རང་རྒྱལ་གྱི་མི་རིགས་མང་བའི་མཐའ་མཚམས་ས་ཁུལ་ཞིག་ཡིན་པ་དང་མ་གཞི་ཁྱིམ་མཚེས་ཞིང་ཆེན་ཡིན་མོད། འོན་ཀྱང་ལྷོ་ཁ་གྲོང་ཁྱེར་དང་པའོ་ཧྲན་གྲོང་ཁྱེར་དབར་བར་ཐག་སྤྱི་ལེ་2000ལྷག་ཙམ་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་འདི་ལོའི་ཟླ་5པའི་ཟླ་འགོར་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་ཡུན་ནན་ཞིང་ཆེན་པའོ་ཧྲན་སློབ་གླིང་གི་སློབ་གསོ་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ། “མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལེའུ་གསར་རྩོམ”ཞེས་པའི་འཕྲིན་ཡིག་བསྐུར་རེས་ཀྱི་བྱེད་སྒོ་སྤེལ་བ་རེད།
ཟླ་6ཚེས་4ཉིན་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་ལ་པའོ་ཧྲན་སློབ་གླིང་གི་སློབ་གསོ་སློབ་གླིང་ནས་བསྐུར་བའི་པའེ་རིགས་དང་། དབྱིས་རིགས། ཏའེ་རིགས། ཧུད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སློབ་མའི་འཕྲིན་ཡིག་འབྱོར་བ་རེད།
འཕྲིན་ཡིག་23ཡི་ཁྲོད་ནས་པའོ་ཧྲན་སློབ་གླིང་གི་སློབ་གསོ་སློབ་གླིང་གི་སློབ་མས་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོར་རྒྱལ་གླུའི་གཞས་གདངས་རྩོམ་མཁན་ཉེ་འར་དང་། “རྩྭ་ལྷམ་ཧྲུའུ་ཅི”དབྱང་ཧྲན་ཀྲོའུ། ལྷ་གྲུ་ཨང་བཅུ་དྲུག་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཀུའེ་ཧའེ་ཁྲའོ་བཅས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་ཡིག་སྐོགས་མེད་པའི་འཕྲིན་ཡིག་དང་། ལག་ཤེས་སྒྱུ་རྩལ་ཐོན་རྫས། རི་མོ་སོགས་བསྐུར་ནས་ཡུན་ནན་པའོ་ཧྲན་དང་། ཏ་ལི། ས་དམ། ཤིས་ཧྲོང་པན་ན་བཅས་ཀྱི་ཡུལ་སྲོལ་གོམས་འདྲིས་ངོ་སྤྲོད་བྱས་ཡོད་པ་རེད།
འཕྲིན་ཡིག་རེ་རེ་བཞིན་ལས་མཛའ་གཅུགས་དང་རེ་སྒུག་ཟབ་མོ་མཚོན་ཞིང་། སློབ་གྲྭ་ཆེ་མོ་བ་ཙོའུ་ཅིང་གིས་འཕྲིན་ཡིག་ནང“ཧྲུའུ་ཅི་བསོད་ནམས་དོན་གྲུབ་ལགས་སྐུ་ཁམས་བཟང་། ངས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཁྱེད་ལ་འཕྲིན་ཡིག་འདི་བྲིས་པ་ཡིན། ང་བོད་དུ་ཡོང་འདོད་ཆེན་པོ་འདུག་ལ་སྐུ་ཉིད་ཀྱང་ཡུན་ནན་དུ་ཡུལ་སྐོར་ལ་ཕེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བྲིས་ཡོད།
“གཅེན་པོ་ཀྲང་དབྱིན་པོ་སྐུ་ཁམས་བཟང་། རྒན་ཞིས་ལིན་ལགས་ཀྱིས་སློབ་ཚན་སྐབས་རྟག་ཏུ་ཁྱེད་ཀྱི་སྐོར་གླེང་གི་འདུག ང་སློབ་གྲྭ་ཐོན་རྗེས་ཀྱང་བོད་དུ་ལས་ཀར་ཡོང་ནས་ཁྱེད་དང་འདྲ་བར་བོད་དུ་གཞི་བཙུགས་ཏེ་མཐའ་མཚམས་འཛུགས་སྐྲུན་བྱེད་འདོད་ཡོད”ཅེས་བྲིས་པ་དང་སློབ་གྲྭ་ཆེ་མོ་བ་ཧྲི་སི་དབྱིས་འཕྲིན་ཡིག་ནང་རང་ཉིད་ཀྱི་ལས་ཞུགས་འདུན་པ་མཚོན་པར་བྱས་ནས་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་ཀྲང་དབྱིན་པོ་དང་འདྲ་བར་བོད་དུ་བསྐྱོད་དེ་བོད་ཤེས་རྟོགས་དང་། བོད་དུ་གཞི་ཚུགས་པ། བོད་འཛུགས་སྐྲུན་བཅས་བྱེད་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བྲིས་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལུའོ་ཅང་ཆུན་གྱིས“ཕན་ཚུན་ཡིག་གཟུགས་མི་འདྲ་བའི་འཕྲིན་ཡིག་གཏོང་རེས་བྱས་པ་ལས་ཡུན་བོད་ས་ཆ་གཉིས་ཀྱིས་བློ་གཅིག་སེམས་གཅིག་གིས་ཏང་ལ་བློ་ཁ་ཕྱོགས་པ་དང་། པེ་ཅིང་ལ་བློ་ཁ་ཕྱོགས་པ། སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་མཚོན་བཞིན་ཡོད། འཕྲིན་ཡིག་གཏོང་རེས་བརྒྱུད་ང་ཚོས་སློབ་གྲྭ་ཆེ་མོ་བ་ཚོའི་བསམ་འདུན་དང་འཚམས་འདྲི་ཉན་པ་མ་ཟད། ད་དུང་ལས་བྱེད་པ་དང་ལས་བཟོའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཉམས་མྱོང་གི་ལེགས་ཆའང་འདོན་སྤེལ་ནུས་ལྡན་བྱས་ཏེ་ཀུན་སྤྱོད་བཟང་པོ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་གྲྭ་ཆེ་མོ་བ་ཚོར་ཕུགས་འདུན་ཆེན་པོ་འཆང་བ་དང་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་དུས་རབས་ཀྱི་གཞོན་ནུ་གསར་པ་ཞིག་བྱ་རྒྱུའི་ཁྲིད་སྟོན་བྱེད་བཞིན་ཡོད”ཅེས་བཤད།
སེམས་མཐུན་གྲོགས་པོ་ཡོད་གྱུར་ན། ས་ཁད་ཆོད་ཀྱང་ཁྱིམ་མཚེས་བཞིན་ཞེས་པ་ལྟར་འཕྲིན་ཡིག་ལས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྩེ་བ་བརྒྱུད་སྤྲོད་བྱས་ཏེ་པའོ་ཧྲན་སློབ་གླིང་གི་སློབ་གསོ་སློབ་གླིང་གི་སློབ་གྲྭ་ཆེ་མོ་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོའི་དབར་ལེ་དབར་སྟོང་གིས་ཆོད་པའི“སྦྲེལ་ཟམ”བསྐྲུན་ནས་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་གོམས་འདྲིས་དང་རྣམ་པ་བརྒྱུད་སྤྲོད་བྱས་ཡོད་ལ། ཡུན་བོད་ས་ཆ་གཉིས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་རྣམ་པར་བཀྲ་བར་གྱུར་ཡོད།