པུ་ར་ཙ་ཝེར་ནས་ཡུལ་ཤུལ་ལ་བསྐུར་བའི་སློབ་འགོ་ཚུགས་པའི་འཕྲིན་ཡིག་ཅིག
2012ལོའི་ཟླ་7ཚེས་22ཉིན་ཁོང་ཀོས་སྐྲུན་རོགས་བྱས་པའི་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་ལས་མཇུག་འགྲིལ་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་དུ་འཚོགས་པ།
2012ལོའི་ཟླ་7ཚེས་22ཉིན་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་དུ་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་གི་སློབ་མ་ཆོས་སྒྲོན(གཡས)གྱིས་སློབ་ཁང་ནང་དཔེ་དེབ་ལྟ་བཞིན་པ།
ཉིན་ཤས་གོང་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨེན་ཀུའུ་ཝ་པི་སློབ་ཆེན་ཁུང་ཙི་སློབ་གླིང་དུ་སློབ་ཆེན་སློབ་མ་མུའུ་ཝེ-ལི་ཅི་པི·ལེ་ལུའུ་ཝ་ཡིས་ཤོག་བུའི་ཐོག“ལྷན་རྒྱས་སྐུ་ཁམས་བཟང”“ངས་ཁྱེད་ཚོར་2024ལོ་དང་2025ལོའི་སློབ་ལོར་དགའ་དགའ་སྤྲོ་སྤྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བྲིས།
ཁོང་གིས་འཕྲིན་ཤོག་ལྟེབས་རྩེག་ཡག་པོ་བརྒྱབ་ནས་དམིགས་བསལ་གྱི་ཡིག་སྐོགས་ཡིན་པའི་ཀྲུང་གོ་དང་ཁོང་ཀོ་ཡིས་འདི་ལོ་མཉམ་དུ་འགྲེམས་སྤེལ་བྱས་པའི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་དྲན་གསོའི་ཉིན་དང་པོའི་ཡིག་སྐོགས་ནང་བླུགས་པ་དང་། ཡིག་སྐོགས་ཐོག་ཀྲུང་ཧྥ་སྐད་ཡིག་གཉིས་ཀྱི“ཀྲུང་ཁོང་མཛའ་གྲོགས་གཏན་དུ་གནས”ཞེས་པ་དཔར་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཀྱི་བཀྲག་མདངས་འཚེར་བའི་རི་མོ་ཡང་བྲིས་ཡོད་པ་དེའི་ནང་གི་གྲས་ཤིག་ནི་ལེ་ལུའུ་ཝ་ཡིས་འཕྲིན་ཡིག་བསྐུར་ཡུལ་ཏེ་ས་ཐག་རིང་བའི་ཀྲུང་གོའི་མཚོ་སྔོན་ཡུལ་ཤུལ་དུ་གནས་པའི་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་ཡིན་པ་རེད།
དེ་ནི་2013ལོའི་ཟླ་3ཚེས་29ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོའི་གྲོས་ཚོགས་ཐོག་གཏམ་བཤད་གལ་ཆེན་གནང་སྐབས་དམིགས་སུ་བཀར་ནས་བཏོན་པའི་སློབ་ཆུང་ཞིག་སྟེ། 2010ལོར་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་དྲག་པོ་བརྒྱབ་རྗེས་ཁོང་ཀོ་སྲིད་གཞུང་གིས་གེགས་ཁུལ་དུ་སློབ་ཆུང་ཞིག་བསྐྲུན་ནས་ཞལ་འདེབས་ཕུལ་བ་དང་ཙུང་ཐུང་སཱ་སུའུ་སྐུ་ངོ་མས་དེར“ཀྲུང་ཁོང་མཛའ་གྲོགས་སློབ་ཆུང”ཞེས་མིང་བཏགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་གནང་སྐབས་བརྩེ་སེམས་ཟབ་མོས“གྲོགས་པོ་ངོ་མ་ནི་རྩ་ཆེ་ཤོས་ཡིན”ཞེས་གསུངས་ཡོད།
སླར་ཡང་སློབ་འགོ་ཚུགས་པའི་དུས་ཚིགས་འཆར་ཞིང་། ལེ་ལུའུ་ཝ་ཡིས་བརྩེ་དུང་ཟབ་མོས་ཀྲུང་གོའི་ཕྲུ་གུ་ཚོར་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་སྨོན་འདུན་མཚོན་པར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་གཏམ་རྒྱུད་གསར་པ་ཞིག་མུ་མཐུད་བརྩམས་ཡོད།
“མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འབྱུང་འགྱུར་བཏོད་པ”
ད་ཆ། ཨེན་ཀུའུ་ཝ་པི་སློབ་ཆེན་ཁུང་ཙི་སློབ་གླིང་གི་བར་ཁྱམས་སུ་སློབ་མ་ཚོའི་ཤོག་དྲས་འདྲ་གཟུགས་དང་ཡིག་རིས་བརྩམས་ཆོས་ཀྱིས་ཁེངས་ཡོད།
2013ལོའི་ཟླ་3ཚེས་30ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོར་འཚམས་འདྲི་གནང་རིང་ཙུང་ཐུང་སཱ་སུའུ་ཡི་ཕེབས་རོགས་འོག་ཨེན་ཀུའུ་ཝ་པི་སློབ་ཆེན་དུ་ཕེབས་ནས་ཀྲུང་གོས་རོགས་སྐྲུན་བྱས་པའི་སློབ་གྲྭའི་དཔེ་མཛོད་ཁང་སྤྱོད་འགོ་ཚུགས་པ་དང་ཀྲུང་གོའི་འགྲེམས་ཁང་གི་སྒོ་བྱང་ཕྱེ་བའི་མཛད་སྒོར་ཞུགས་པ་རེད། དེ་གར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞོན་ནུ་སློབ་མ་དང་སྤེལ་རེས་གནང་སྐབས་བྱམས་བརྩེའི་ངང“ཁྱེད་ཚོས་རྒྱ་ཡིག་ཡག་པོ་སྦྱངས་ནས་ཀྲུང་ཁོང་དང་ཀྲུང་ཧྥེའི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་མ་ཚོར་རྒྱ་ཡིག་ཡག་པོ་སྦྱོང་རྒྱུའི་སྐུལ་ལྕག་གནང་ཡོད”ལེ་ལུའུ་ཝ་ཡིས་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སྦྱངས་ནས་ལོ་གཅིག་ཙམ་སོང་ཞིང་། རང་ཉིད་ལ་རྒྱ་ཡིག་གི་མིང“ཝང་ཏ་ཝེ”ཞེས་བཏགས་ཡོད།
ལེ་ལུའུ་ཝ་ཡིས་དྲན་གསོའི་དོན་སྙིང་ལྡན་པའི་ཉིན་དང་པོའི་ཡིག་སྐོགས་དེ་དམིགས་བསལ་གྱི་ལག་རྟགས་ཤིག་ཏུ་བརྩིས་ནས་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་གི་ཕྲུ་གུ་ཚོར་སྤྲོད་འདོད་ཡོད་ཅེས་གསར་འགོད་པར་བཤད། ཁོང་གིས“ངས་དེ་གའི་ཕྲུ་གུ་ཚོར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། ཁོང་ཚོ་དང་གྲོགས་པོ་བསྒྲིགས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ཁུང་ཙི་སློབ་གླིང་གི་དགེ་རྒན་ཁན་ཙུའོ·ལེ་ཝོ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་ནི་ང་ཚོའི་སློབ་གྲྭའི་གཟི་བརྗིད་ལྡན་པའི་དུས་སྐབས་ཤིག་དང་མི་མང་པོ་ཞིག་གི་ངོས་ནས་དྲོ་སྐྱིད་ལྡན་པའི་དྲན་གསོ་ཞིག་རེད། ཨེན་ཀུའུ་ཝ་པི་སློབ་ཆེན་འགོ་ཁྲིད་པའི་འཚམས་འདྲི་བྱ་ཡུལ་ནང་བཅུག་པ་དེ་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སཱ་སུའུ་ཡིས་ཤེས་ལྡན་པ་གསོ་སྐྱོང་དང་སློབ་གསོའི་མཉམ་ལས་ལ་མཐོང་ཆེན་གནང་བ་མཚོན་ཡོད”ཅེས་གསར་འགོད་པར་བཤད།
ལེ་ཝོ་ཡིས་ཀྲུང་གོའི་འགྲེམས་ཁང་གིས་ཉར་ཚགས་བྱས་པའི་དཔེ་དེབ་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་ཅིང་། ཚིག་མཛོད་སོགས་ལས་མཁོའི་དཔེ་དེབ་དང་རྒྱ་ཡིག་སློབ་ཁྲིད་ཐད་སྤྱོད་པའི་དཔེ་དེབ་ཕུད། ད་དུང་ཧྥ་རན་སེའི་སྐད་ཀྱི་པར་གཞིའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་བམ་པོ་བཞི་ཉོས་ཡོད། “གཞོན་ནུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཡིན། ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྐྱོང་སྐོར་གྱི་ནང་དོན་དེ་དག་གིས་ང་ཚོར་ཕན་ཡོད་ཀྱི་བློ་སྒོ་མང་པོ་འབྱེད་སྲིད”ཅེས་བཤད།
ངའི་ཕ་ཡུལ་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་དང་འདྲ་བར་མཛེས་སྡུག་ལྡན་པ་ཞིག་ཡོད།
“འཛམ་གླིང་ཡང་རྩེར་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་མེ་ཏོག་རབ་ཏུ་བཞད་པ་དང་ང་ཚོའི་སེམས་ཀྱི་ཞིང་སར་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་ས་བོན་བཏབ་ཡོད”ཅེས་ཟླ་7པའི་ཟླ་སྨད་དུ་ཧུའུ་ནན་ཁྲང་ཧྲ་རུ་འཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་གླེང་སྟེགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོར་བོད་རིགས་བུ་ཀརྨ་བློ་རྡོར་བསྟན་འཛིན་གྱིས་ཚོགས་འདུར་ཞུགས་མཁན་ཀྲུང་ཧྥེའི་སྐུ་མགྲོན་ཚོར་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་གི་གཏམ་རྒྱུད་བརྗོད་པ་རེད།
ཐོག་ཐོན་གཙང་པོའི་རྒྱུད་ཀྱི་ཀྱག་ཀྱོག་གི་ལམ་བུ་དང་ལ་ཁ་ཤས་བརྒལ་རྗེས་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཙམ་ཡོད་པའི་ཁྲི་འདུ་རྫོང་དུ་ཆགས་ཡོད།
2010ལོའི་ཟླ་4པར། ཡུལ་ཤུལ་གྱི་ས་ཡོམ་ཁྲོད་ཁྲི་འདུ་རྫོང་གི་ཝུན་ལེ་སློབ་ཆུང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ལོ་དེར་ཧྲང་ཧའེ་རུ་འཛམ་གླིང་དངོས་མང་སྟོན་ཚོགས་ལ་ཞུགས་མཁན་ཙུང་ཐུང་སཱ་སུའུ་ཡིས་ཀྲུང་གོ་ཕྱོགས་ལ་ཡུལ་ཤུལ་གེགས་ཁུལ་དུ་སློབ་ཆུང་ཞིག་བསྐྲུན་ནས་ཞལ་འདེབས་རྒྱག་གི་ཡིན་ཞེས་གསུངས་པ་རེད། 2012ལོའི་ཟླ་7པར་སློབ་གྲྭ་ལས་མཇུག་འགྲིལ་བ་དང་ཝུན་ལེ་སློབ་ཆུང་ལ“ཀྲུང་ཁོང་མཛའ་གྲོགས་སློབ་ཆུང”ཞེས་པའི་སྒོ་བྱང་བཀལ་ཡོད། རི་ཚོགས་ཀྱིས་བསྐོར་བའི་ཁྲོད་སློབ་གྲྭ་གསར་པ་དེར་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་། ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་། ཟ་ཁང་། ལན་ཆིའུ་སྤོ་ལོ་ཐང་། འགྱིག་བཟོས་རྒྱུག་ལམ་གྱི་ལུས་རྩལ་ར་བ་བཅས་ཡོད་པ་རེད།
2012ལོར་སྐབས་དེ་དུས་ཁོང་ཀོའི་ཕྱི་འབྲེལ་པུའུ་ཀྲང་དབྱི་ཁུའེ་པེ་ཡུལ་ཤུལ་དུ་སློབ་གྲྭའི་ལས་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ་རེད། རྒྱ་ཡིག་དགེ་རྒན་བསམ་གཏན་ཚེ་རིང་གིས“ང་ཚོས་ཁོང་ལ་མཇལ་དར་སེར་པོ་བསྒྲོན་ནས་གྲོགས་པོ་ཨ་ཧྥེ་རི་ཁ་བ་ཚོར་ཐུགས་རྗེ་ཆེ་ཞུས་པ་ཡིན”ཞེས་གསར་འགོད་པར་བཤད་པ་དང་། “དེ་ཉིན་ཆར་སིམ་བབས་རྗེས་འཇའ་ཚོན་ཤར་བ་དང་མཛའ་གྲོགས་ཟབ་མོ་ལས་ངེད་ཚོར་དྲོ་སྐྱིད་ཆེན་པོ་ཚོར་བྱུང”ཞེས་ཕྱིར་དྲན་བྱས།
བསམ་གཏན་ཚེ་རིང་གིས་ལོ་ལྟར་ཟླ་9པར་སློབ་གྲྭས་བརྗོད་དོན་གཙོ་བོའི་འཛིན་ཚོགས་སོགས“དྲིན་ཚོར་གྱི་སློབ་གསོའི་ཟླ་བའི”བྱེད་སྒོ་སྤེལ་ནས་སློབ་མ་ཚོར་མཛའ་གྲོགས་ཀྱི་གཏམ་རྒྱུད་ཡག་པོ་དེ་གླེང་གི་ཡོད་བརྗོད་བྱུང་། ལོ་11ལ་སླེབས་པའི་འཇམ་དབྱངས་རྒྱ་་མཚོས“ང་ཚོའི་རྒན་ལགས་ཀྱིས་སློབ་ཚན་ཁྲིད་སྐབས་ཁོང་ཀོ་ནི་ཕྱུག་པོ་དེ་ཙམ་མེད་ཅེས་གསུངས་མྱོང་ཡོད། སླད་ཕྱིན་དགེ་རྒན་ཞིག་བྱས་ནས་གལ་སྲིད་གོ་སྐབས་བྱུང་ཚེ། ཨ་ཧྥེ་རི་ཁའི་ཕྲུ་གུ་ཚོར་རོགས་རམ་བྱེད་པར་འགྲོ་འདོད་ཡོད”ཅེས་གསར་འགོད་པར་བཤད།
ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་གི་སློབ་ཕྲུག་ཚོས་ཙུང་ཐུང་སཱ་སུའུ་ལ་སྤྲིངས་པའི་ཐུགས་རྗེ་ཞུ་བའི་འཕྲིན་ཡིག་ནང“ནམ་མཁར་མཐའ་མེད་པས་བྱིའུ་སྔར་བས་རང་དབང་ཆེ། རྩྭ་ཐང་རྒྱ་ཆེ་བས་རྟ་ཕོ་སྔར་བས་བང་རྩལ་རྒྱས། ཉི་འོད་དང་ཆར་ཆུ་འཛོམས་པས་མེ་ཏོག་སྔར་བས་མཛེས་སྡུག་ལྡན། ཁོང་ཀོ་སྲིད་གཞུང་དང་མི་དམངས་ཀྱི་བཀའ་དྲིན་གྱིས་ང་ཚོའི་འཚོ་བ་སྔར་བས་བདེ་ཞིང་སྐྱིད”ཅེས་བྲིས་ཡོད་པ་རེད།
“ཀྲུང་གོས་ལྷག་བསམ་རྣམ་དག་གིས་ང་ཚོར་རོགས་རམ་བྱེད་ཀྱི་ཡོད”
ཀྲུང་གོ་དང་ཁོང་ཀོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་དྲན་གསོའི་ཉིན་དང་པོའི་ཡིག་སྐོགས་ཐོག་བྲིས་པའི་རི་མོ་གཞན་ཞིག་ནི་ཀྲུང་གོ་དང་ཁོང་ཀོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཏེ་ཁོང་ཀོའི་རྒྱལ་ཁབ་གཞུང་ལམ་དང་པོ་རེད།
ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་536ཡོད་ལ། དེ་ནི་ཁོང་ཀོའི་རྒྱལ་ས་པུ་ར་ཙ་ཝེར་དང་དཔལ་འབྱོར་ལྟེ་གནས་ཧེ་ཅའོ་གྲོང་ཁྱེར་གཉིས་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་འབའ་ཞིག་དེ་རེད། 2016ལོའི་ཟླ་གསུམ་པར་ལས་མཇུག་འགྲིལ་རྗེས་གཞུང་ལམ་དེ་ནས་ཁོང་ཀོའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་90%ཡན་དབོར་འདྲེན་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་མང་པོ་སྦྲེལ་མཐུད། རྒྱལ་ཡོངས་ཀྱི་མི་འབོར་65%ཡན་ལ་ཁྱབ་པ་བཅས་བྱུང་ནས་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐེབས་ཏེ་ས་གནས་དེ་གའི་མི་ཚང་མས་ཤེས་པའི“འཕེལ་རྒྱས་ཀྱི་ལམ་བུར”གྱུར་ཡོད་པ་རེད།
ཙུང་ཐུང་སཱ་སུའུ་ཡིས“ཀྲུང་གོས་ང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་ལྷག་བསམ་ཟོལ་མེད་ངང་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོའི་འཛུགས་སྐྲུན་པས་ས་གནས་དེ་གའི་མི་རབས་ཁ་ཤས་ཀྱི་ཕུགས་འདུན་སྒྲུབ་རོགས་བྱས་ཡོད”ཅེས་གསུངས། གཞུང་ལམ་རྒྱུད་ཀྱི་ཁོང་ཀོའི་གྲོང་ཁྱེར་ཆེ་གྲས་གསུམ་པ་ཏུའོ་ལི་ཅིར་གྱི་མི་དམངས་ཀྱིས“རི་གཤགས་མཁན”གྱི་བརྐོས་བརྙན་བཙུགས་ཏེ་ཀྲུང་གོའི་འཛུགས་སྐྲུན་པར་བརྩི་བཀུར་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་ཡོད།
འདི་ལོའི་ཟླ་གཉིས་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སཱ་སུའུ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་སྤེལ་རེས་ཐེངས་མང་བྱས་པས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་དང་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་བརྟན་པོ་བྱུང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་ཐོབ་པ་འདི་ནི་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་སྙིང་སྟོབས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཤིག་རེད།
ཉེ་བའི་ལོ་ཤས་རིང་། ཁོང་ཀོའི་རྒྱལ་ཁབ་གཞུང་ལམ་དང་པོ་ནས་པུ་ར་ཙ་ཝེར་གཙང་འགྲམ་ལམ་ཆེན་གྱི་ལྡིང་ཟམ་བར་དང་། དེ་ནས་ཀྲུང་ཁོང་ཧྥེ་གླིང་དངུལ་ཁང་བར་སོགས་ཀྲུང་ཁོང་དངོས་སྒྲུབ་མཉམ་ལས་རྣམ་གྲངས་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་དོན་འཁྱོལ་བྱས་ནས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྒུལ་ཤུགས་གསར་པ་བསྣན་ནས་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད་པ་རེད།