དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས“སོལ་རླངས་གློག་སྒྱུར”གྱི་སྒྱུར་བཅོས་སྔོན་ལ་ཚོད་ལྟའི་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-04

    སོལ་རླངས་ཀྱི་བདེ་འཇགས་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་རྐྱེན་འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལྗང་མདོག་ཕྱོགས་སྒྱུར་གྱི་སྣེ་ཁྲིད་ཁུལ་གཏོད་པའི་དམིགས་ཚད་ལ་དམིགས་ཏེ་གྲོང་ཁུལ་གཙོ་བོ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ལྗོངས་ཡོངས་ཀྱི་སྔོན་ལ“སོལ་རླངས་གློག་སྒྱུར”གྱི་སྒྱུར་བཅོས་ཁྱབ་གདལ་བཏང་སྟེ། གྲོང་ཁྱེར་གྱི་བདེ་འཇགས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད།

    “སོལ་རླངས་གློག་སྒྱུར”གྱི་སྒྱུར་བཅོས་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཟ་ཁང་ཁུལ་གྱི་དབུགས་རིལ་སོལ་རླངས“སོལ་རླངས་གློག་སྒྱུར”གྱི་ལས་དོན་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་ཡོད།

    2024ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ནོར་སྲིད་མ་དངུལ་སྒོར་ཁྲི་761.74གཏོང་རྒྱུའི་འཆར་གཞི་བཀོད་ནས་བྲག་ཡིབ་ཆུས(དཔལ་འབྱོར་གསར་སྤེལ་ཁུལ)ཀྱི་སྤྱི་པའི་ཟ་ཁང་ཁུལ་གྱི་ཚོང་ཁང་155ཡི“སོལ་རླངས་གློག་སྒྱུར”གྱི་སྒྱུར་བཅོས་ཚོད་ལྟ་ལག་བསྟར་ལ་སྤྱད་ཡོད། མིག་སྔར་བཟའ་བཏུང་ཚོང་ཁང་31སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་ལོ་མཇུག་གོང་ཚོང་ཁང་ལྷག་མ་124ཚང་མ་ལེགས་གྲུབ་བྱེད་རྩིས་ཡོད།

    “སོལ་རླངས་གློག་སྒྱུར”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་སྤྱི་པའི་ས་ཁོངས་ཀྱི་བཟའ་བཏུང་ཁེ་ལས་དང་སྒེར་གཉེར་དུད་ཚང་ལ་དྲིལ་བསྒྲགས་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག རྒྱུན་འཁོར་ཧྲིལ་པོའི་སོལ་རླངས་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་མཉམ་འགུལ་ཞིབ་བཤེར་ལམ་སྲོལ་ལག་བསྟར་བྱས་ཡོད། མིག་སྔའི་བར་གྲོང་ཁུལ་དུ་སོལ་རླངས་བདེ་འཇགས་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱ་སྤྱོད་ཐེངས་12གཏིང་ཟབ་སྤེལ་བ་དང་གཉེར་སྐྱོང་བྱེད་པོ་2840ལ་ཞིབ་བཤེར་བྱས་ནས་ཞིབ་བཤེར་བྱ་ཡུལ་ཡོངས་ལ་ཁྱབ་པར་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་ལྟར་ན་ཉིང་ཁྲི་གྲོང་ཁུལ་གྱི་སྤྱི་པའི་ཟ་ཁང་ཁུལ་གྱི་ཚོང་ཁང་155ཡིས“སོལ་རླངས་གློག་སྒྱུར”བྱས་རྗེས། ལོ་ལྟར་གློག་སྤྱོད་ཚད་ཏུའུ་ཁྲི་700ལྷག་ཙམ་འཕར་ནས་གློག་ཤུགས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་500ལྷག་ཙམ་འཕར་བར་སྐུལ་ཁྲིད་ཐུབ་རྒྱུ་རེད། གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་པའི་ཟ་ཁང་ཁུལ་གྱི་ཚོང་ཁང་གི“སོལ་རླངས་གློག་སྒྱུར”གྱི་སྒྱུར་བཅོས་ཉམས་མྱོང་ལ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ནས“ཤིང་ཚབ་གློག་སྤྱོད”དང“གློག་སྤྱོད་དྲོད་ལེན”སོགས་ཀྱི་ལས་དོན་སྔར་བས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། གློག་ནུས་གཙང་མས་འགྱུར་རྡོའི་ནུས་རྒྱུའི་ཚབ་བྱས་ནས་ཁོར་ཡུག་མཛའ་མཐུན་རྣམ་པའི་སྤྱི་ཚོགས་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གྲོང་ཁྱེར་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།