ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་གྲོས་མོལ་གནང་བ།
འདི་ནི་ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་གྲོས་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་རྒྱལ་དོན་འཚམས་འདྲི་གནང་མཁན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་མཐུན་ནི་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་གཅིག་སེམས་གཅིག་གཏད་དང་། རྒྱལ་ཁབ་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཅིག་ཕན་གཅིག་རོགས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དོན་གཉེར་བྱེད་པའི་མཐུན་སྒྲིལ་མཉམ་ལས་བཅས་ལས་བྱུང་བ་ཞིག་རེད། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད་ལ། ལྷོ་ཨ་ཧྥེ་རི་ཁ་གསར་པ་དབུ་བརྙེས་ནས་ལོ་30འཁོར་བའི་ལོ་ཞིག་ཀྱང་རེད། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་ཡང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དེང་རབས་ཅན་དོན་གཉེར་བྱེད་པའི་ལས་འགན་ལ་འགྱུར་བ་བྱུང་མེད་པ་དང་། ཀྲུང་ཧྥེའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འདུན་པར་འགྱུར་བ་བྱུང་མེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་འདུན་པར་འགྱུར་བ་བྱུང་མེད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཡང་མཐུན་པས་དུས་རབས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་གལ་ཆེན་ལྡན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་ངེས་གནས་གསར་པར་དམིགས་ཏེ་ཕྱོགས་གཉིས་པོས“ཁ་ཕྱོགས་གསུམ”ལ་སྟངས་འཛིན་ཡག་པོ་བྱེད་དགོས། གཅིག་ནི་ཐུན་མོང་ཡར་རྒྱས་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡིན་ཞིང་། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོམ་ཞེང་ཆེན་པོས་མདུན་སྐྱོད་པར་ཁྲིད་སྟོན་བྱེད་དགོས་པ་དང་། གཉིས་ནི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཁ་ཕྱོགས་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། གསུམ་ནི་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་དམངས་འདོད་ཁ་ཕྱོགས་ཡིན་ཞིང་། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་ཀྱི་རྣམ་གྲངས་ལ་སྐུལ་འདེད་མྱུར་པོ་བཏང་ནས་ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུ་ཚོར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་ཞིབ་སྦྱོང་གི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དང་རྒྱལ་སྤྱི་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་ཁྲིད་སྟོན་བྱེད་པའི་དར་ཆ་ཞིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ད་ཐེངས་ཀྱི་དབུ་ཚོགས་ཐོག་དུས་རབས་གསར་པའི་ཀྲུང་ཧྥེའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ཏེ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ཐབས་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་རེད། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་བཀོད་སྒྲིག་བྱས་པས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་ཀྲུང་ཧྥེའི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཧྥེའི་མཉམ་ལས་ཀྱི་མགྱོགས་འཁོར་ཇི་ཙམ་རྒྱུག་པ་དེ་ཙམ་གྱིས་མགྱོགས་སུ་དང་ཇི་ཙམ་རྒྱུག་པ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱལ་སྤྱིའི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དེ་ཙམ་གྱིས་རང་ཚུགས་རང་བདག་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་དང་མཉམ་དུ་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་ལྷོ་ཨ་ཧྥེ་རི་ཁས་སང་ལོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡིན།
ལཱ་མཱ་ཧྥུའུ་སཱ་ཡིས་གསུངས་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་གྲུབ་འབྲས་ཐོབ་པའི་ངང་གནང་བ་དང་ང་ཚོས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་25འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ནས། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འབྲེལ་བ“རྫོགས་ལྡན་དུས་རབས”སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེན་པོ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད་པས་གནད་དོན་མང་པོའི་ཐད་ལངས་ཕྱོགས་འདྲ་མཚུངས་དང་དམིགས་ཚད་གཅིག་མཐུན་ཡིན། དཔལ་འབྱོར་ཚོང་དོན་མཉམ་ལས་ནི་འདྲ་མཉམ་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ལ་གཞི་ཚུགས་པ་ཞིག་ཡིན་པས་འབྲེལ་གཏུག་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་ལྷོ་ཨ་ཧྥེ་རི་ཁ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་པའི་ཡིད་ཆེས་ཡོད།