དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།

    《ཀྲུང་གོའི་ནུས་རྒྱུ་ཕྱོགས་སྒྱུར》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཀྲུང་གོའི་ནུས་རྒྱུ་ཕྱོགས་སྒྱུར》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ཀྱི་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཆ་ཤས་དྲུག་ལ་དབྱེ་ཡོད་པ་སྟེ། དུས་རབས་གསར་པའི་ཀྲུང་གོའི་ནུས་རྒྱུ་ཕྱོགས་སྒྱུར་གྱི་ལམ་བུ་དང་། ནུས་རྒྱུའི་ལྗང་མདོག་འཛད་སྤྱོད་ཀྱི་རྨང་གཞི་ཟབ་གཏོད། ནུས་རྒྱུ་མཁོ་སྤྲོད་ཀྱི་མ་ལག་གསར་པ་མགྱོགས་མྱུར་སྐྲུན་པ། ནུས་རྒྱུའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནུས་རྒྱུ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་རམ་འདེགས་བྱེད་པ་བཅས་ཡིན།

    རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་དོན། ནུས་རྒྱུ་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ནུས་རྒྱུ་རྒྱུན་མཐུད་བེད་སྤྱོད་མངོན་འགྱུར་ཡོང་བ་བྱེད་པ། དམངས་འཚོ་དང་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་དེ་རྒྱལ་ཁབ་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ནུས་རྒྱུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། 2014ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་རྒྱུའི་འཛད་སྤྱོད་གསར་བརྗེ་དང་། ནུས་རྒྱུ་མཁོ་སྤྲོད་གསར་བརྗེ། ནུས་རྒྱུའི་ལག་རྩལ་གསར་བརྗེ། ནུས་རྒྱུའི་སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་གནང་བ་དེས་དུས་རབས་གསར་པའི་ནུས་རྒྱུ་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་དོན། ཀྲུང་གོས་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་བཟོས་ཤིང་། 2035ལོར་སླེབས་སྐབས། ཀྲུང་གོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། ནུས་རྒྱུའི་ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་རྒྱ་ཁྱབ་ངང་ཆགས་པ། འགྱུར་རྡོ་མིན་པའི་ནུས་རྒྱུ་དེ་ནུས་རྒྱུ་གཙོ་བོའི་ཕྱོགས་སུ་མགྱོགས་མྱུར་འགྱུར་བ། གློག་ཤུགས་མ་ལག་གསར་པས་ནུས་རྒྱུ་ཕྱོགས་སྒྱུར་ལ་འདེགས་སྐྱོར་བརྟན་པོ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད། དུས་རབས་འདིའི་དུས་དཀྱིལ་དུ་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། དྭངས་གཙང་ཐཱན་ཉུང་། བདེ་འཇགས་དང་ལས་ཆོད་ཆེ་བའི་ནུས་རྒྱུའི་མ་ལག་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཆོད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། འགྱུར་རྡོ་མིན་པའི་ནུས་རྒྱུ་དེ་ནུས་རྒྱུ་གཙོ་བོར་འགྱུར་བ་བཅས་བྱས་ནས་2060ལོའི་གོང་དུ་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།