མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་རིང་སྔོན་ཐོན་བརྩོན་ལེན་བྱས་པ།
ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། མངའ་རིས་ཀྱི་ཞི་མཐུན་མེ་ཏོག་རྣམ་པར་བཞད”ཅེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མངའ་རིས་ས་ཁུལ་གྱིས་2021ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། རྫོང་5རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་རྫོང་7ཚང་མ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་དུ་བཏོད་པ། རིམ་པ་འདི་གའི་འཛུགས་གཏོད་བྱེད་ཚད་81%ཟིན་པ། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱུང་སྟེ། བོད་ནུབ་རྒྱུད་ཀྱི་ས་གཞི་ཆེན་པོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བརྟན་ལྷིང་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་ཡོད།
མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ཏེ། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རིང་སྔོན་ཐོན་བརྩོན་ལེན་གྱི”སྤྱིའི་དམིགས་ཚད་བཏོན་པ་མ་ཟད། འཛུགས་གཏོད་བྱེད་རིང་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱིས་མཉམ་དུ་དམ་འཛིན་དང་། ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་འཛུགས་གཏོད་མཐའ་འཁྱོངས་བྱེད་པ། ཏང་ཨུད་ཀྱི་ཧྲུའུ་ཅི་ངོ་མས་དམ་འཛིན་བྱེད་པ། ཆེད་དོན་ཚོགས་ཆུང་གིས་དམ་འཛིན་ཞིབ་ཕྲ་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་ཀྱིས་དམ་འཛིན་བྱེད་པ་བཅས་ཀྱི་འཛུགས་གཏོད་མ་ལག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ། མི་རིགས་མཐུན་སྒྲིལ་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས་དང་ལས་རིགས་སྒྲིག་སྲོལ་ནང་མཉམ་འདྲེས་ཐུབ་པར་རྒྱུན་མི་ཆད་པར་ཤུགས་སྣོན་རྒྱག་པ། འཛུགས་གཏོད་ལས་དོན་དེ“རྐྱང་གཞས”ནས“མཉམ་གཞས”དུ་འགྱུར་ཐུབ་པ་བཅས་བྱས་ཏེ། འཕྲེད་ཕྱོགས་ནས་མཐའ་ཟིན་པའི་བར་དང་གཞུང་ཕྱོགས་ནས་མཐིལ་ཐུག་པའི་བར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་རྣམ་པ་གསར་པ་བཏོད་ཡོད།
བར་མཐོངས་དང་། བསམ་བློ། སྤྱི་ཚོགས། དཔལ་འབྱོར་སོགས་ཕྱོགས་མང་པོ་ནས་ཐུན་མོང་ཐོག་ནུས་ཤུགས་བཏོན་ཏེ། མངའ་རིས་ས་ཁུལ་གྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ཡོད།
“ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པའི”ཕྱོགས་གཉིས་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ། བོད་སྐྱོར་ཤེས་ལྡན་ལས་བྱེད་པས་གྲོང་གསེབ་ཏུ་རོགས་སྐྱོར་བྱེད་པ་དང་། མངའ་རིས་ཀྱི་ལས་བྱེད་པ་ལྗོངས་ཕྱིར་གནས་སྦྱར་སྦྱོང་བརྡར་བྱེད་པ། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ལྗོངས་ནང་ཁུལ་དང་ཕྱི་རོལ་དུ་ལྟ་སྐོར་དང་སློབ་སྦྱོང་ལ་སྐྱོད་པ་སོགས་ཀྱི་བྱེད་སྒོ་རྒྱུན་དུ་སྤེལ་ཡོད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁུལ་ཏེ་གཙང་པོ་སྡེ་ཁུལ་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་ཧུར་ཐག་བཏང་བ་དང་། སྒྲོག་འགྲེལ་ཚོགས་པ་55དང་ཆེད་བསྐོས་ཞིང་འབྲོག་པའི་སྒྲོག་འགྲེལ་པ་290ཡིས་གཞི་རིམ་དུ་སྒྲོག་འགྲེལ་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་ཚུན་དབར་གྱི་ཧེ་བག་ལ་བརྩི་འཇོག་དང་། སྣ་མང་ལ་བསྟུན་མཁས། སྐྱོན་སྤང་དགེ་སྒྲུབ། མཉམ་འདྲེས་འཕེལ་རྒྱས་བཅས་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)སོགས་ཀྱི་གཞི་རྟེན་ལ་བརྟེན་ཏེ། མངའ་རིས་ས་ཁུལ་གྱིས་ཤེས་དཔལ་འཛུགས་གཏོད་དང་། ཀུན་སྤྱོད་འཛུགས་སྐྱོང་། དུས་རབས་ཀྱི་མི་གསར་གསོ་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སློབ་གསོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་། སེམས་ཀྱི་དགའ་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་རིམ་བཞིན་དེང་རབས་ཅན་དུ་བསྒྱུར་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།