དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-02

    ཟླ་9ཚེས་1ཉིན་བཏོན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་ནི་སློབ་གསོའི་གནད་དོན་ཨང་དང་པོ་རེད། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ང་ཚོས་སློབ་གསོའི་ཐད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ཏེ། མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་། བློ་ཐག་ཆོད་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་བྱེད་མཁན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། ཚང་མས་མི་སྣ་གསོ་སྐྱོང་དང་། བརྒྱུད་རིམ་ཧྲིལ་པོའི་མི་སྣ་གསོ་སྐྱོང་། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མི་རབས་ནས་མི་རབས་བར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་རྒྱུན་ཆད་མེད་པར་བྱེད་དགོས། དེ་ནི་སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་ཡིན་ལ། སློབ་གསོ་དེང་རབས་ཅན་གྱི་ཁ་ཕྱོགས་དང་དམིགས་ཚད་ཀྱང་ཡིན།

    རྩོམ་ཡིག་ནང་བསྟན་དོན། ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་གཞི་རྩའི་བྱང་ཚད་དང་བསམ་བློའི་འཁྱེར་སོ་གང་འདྲ་ཞིག་ངེས་པར་དུ་ལྡན་དགོས་པ་དང་གསོ་སྐྱོང་ཇི་ལྟར་བྱེད་དགོས་པའི་འགག་རྩ་ནི་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་ཤིང་། ང་ཚོས་གསོ་སྐྱོང་བྱེད་པའི་མི་རྣམས་ལ་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་འཛུགས་དགོས་པ་དང་། སློབ་མའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་བཏང་ནས་སེམས་ཐག་ཆོད་པོས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་དགོས། གཉིས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཡིན་པས།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར་དང་ཐོག་སློབ་མའི་རྒྱལ་གཅེས་ཀྱི་བརྩེ་སེམས་གསོ་སྐྱོང་བྱེད་དགོས་པ་དང་། སློབ་མས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་བརྩི་བཀུར་བྱས་ནས་སེམས་ཐག་ཆོད་པོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། སེམས་ཐག་ཆོད་པོས་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། གསུམ་ནས་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་འབད་བརྩོན་བྱེད་དགོས་ཤིང་། ཀུན་སྤྱོད་སྔོན་ལ་འཛུགས་པ་དང་རང་གཅུན་རྩ་བར་འཛིན་པ་དེ་ནི་ཤེས་ལྡན་པ་འཚར་ལོངས་ཡོང་བའི་གཞི་རྩའི་གཏན་ཚིགས་ཡིན། སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བར་སློབ་གསོ་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་གཤིས་སྤྱོད་ལ་བརྟེན་ནས་རང་ཉིད་ལ་ཕན་འདོགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སེམས་པ་བཟང་པོ་བྱེད་པ། ཤེས་ཡོན་ལ་བརྟེན་ནས་བླ་སྲོག་གཏོད་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་གཤིས་སྤྱོད་བཟང་པོ་འཇགས་པར་བྱས་ནས་གཅེས་སེམས་ཟབ་མོ་དང་། ཡོན་ཏན་གྱི་བདག་པོ། བསམ་ཚུལ་ཆེན་པོ་བཅས་ལྡན་པའི་མི་ཞིག་ལ་འགྱུར་བ་བྱེད་དགོས། བཞི་ནས་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་ཤིང་། ཤེས་བྱ་སྦྱོང་བ་ནི་སློབ་མའི་ལས་འགན་ཡིན། སློབ་མས་སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཤེས་བྱ་སྦྱོང་བ། སློབ་སྦྱོང་ཁྲོད་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་བདེན་དོན་དོན་གཉེར་དང་། གནས་ལུགས་རྟོགས་པ། དོན་དངོས་གསལ་རྟོགས་བཅས་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལྔ་ནས་འབད་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་ཤིང་། སློབ་མར་ཕུགས་བསམ་ཆེན་པོ་འཛུགས་པ་དང་། འགན་འཁྲི་འཁུར་ཕོད་པ། འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་ལ་སྦྱོང་བརྡར་སྤྲོས་པ། འབད་འཐབ་བྱེད་ཕོད་པའི་བསམ་བློའི་འཁྱེར་སོ་དང་སྤྲོ་སྣང་ཡར་ཐོན་གྱི་མི་ཚེའི་རྣམ་འགྱུར་ལྡན་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཤེས་སྦྱོར་གཅིག་མཐུན་ཐུབ་པ་དང་། ཡར་ཐོན་གྱི་བསམ་པ་ལྡན་ལ་འབད་བརྩོན་ལྷོད་མེད་ཀྱང་བྱེད་ཐུབ་པ་བྱེད་དགོས། དྲུག་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ངེས་པར་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས། སློབ་མར་ཕྱོགས་བསྡུས་ནུས་པ་གསོ་སྐྱོང་དང་གསར་གཏོད་ཀྱི་བསམ་གཞིགས་གསོ་སྐྱོང་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་བཙུགས་ནས་ལུས་རྩལ་སློབ་ཚན་འདང་ངེས་དང་འཐུས་ཚང་འཚོག་དགོས། སློབ་གྲྭའི་མཛེས་དཔྱོད་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ་སློབ་མའི་མཛེས་དཔྱོད་དང་མི་ཆོས་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། སློབ་མའི་ཁྲོད་དུ་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སློབ་མ་ཚོས་ངལ་རྩོལ་ལ་བརྩི་མཐོང་དང་བརྩི་འཇོག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་ཧུར་ཐག་བསྐྲུན་ནས་ཆུ་ཚད་དེ་བས་མཐོ་བའི་ཤེས་ལྡན་པའི་གསོ་སྐྱོང་མ་ལག་ཆགས་པར་བྱེད་དགོས། མི་བཟང་གསོ་སྐྱོང་བྱ་རྒྱུ་དེ་བསམ་བློ་ཀུན་སྤྱོད་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་ལྷུ་ཚིགས་ཁག་དང་མཉམ་འདྲེས་བྱས་ནས་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་ཁག་ལ་ཁྱབ་པ་དང་། རིག་ཚན་མ་ལག་དང་། སློབ་ཁྲིད་མ་ལག བསླབ་གཞིའི་མ་ལག དོ་དམ་མ་ལག་བཅས་ཀྱིས་དམིགས་ཚད་དེར་དམིགས་ནས་ཇུས་འགོད་དང་། དགེ་རྒན་གྱིས་དམིགས་ཚད་དེར་དམིགས་ནས་སློབ་ཚན་ཁྲིད་པ། སློབ་མས་དམིགས་ཚད་དེར་དམིགས་ནས་སློབ་སྦྱོང་བཅས་བྱེད་དགོས། དམིགས་ཡུལ་འདི་མངོན་འགྱུར་བྱེད་པར་ཕན་ཐོགས་མེད་པའི་བྱེད་སྟངས་ཚང་མ་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། བསླབ་གཞི་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས། བསླབ་གཞི་ནི་ཤེས་བྱ་ཁྱབ་སྤེལ་གཏོང་བའི་གཞི་རྟེན་གཙོ་བོ་ཡིན་པ་དང་། དེས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིན་ཐང་འདུ་ཤེས་མ་ལག་མཚོན་གྱི་ཡོད་ལ། དེ་ནི་དགེ་རྒན་གྱིས་སློབ་ཁྲིད་དང་སློབ་མས་སློབ་སྦྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན། བསླབ་གཞིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་བླང་བྱ་མཚོན་པ་དང་། ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཉམས་འགྱུར་མཚོན་པ། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོར་བཏོན་པའི་གཞི་རྩའི་བླང་བྱ་མཚོན་པ། རྒྱལ་ཁབ་དང་མི་རིགས་ཀྱི་གཞི་རྩའི་རིན་ཐང་ལྟ་བ་མཚོན་པ། མིའི་རིགས་ཀྱི་རིག་གནས་ཤེས་བྱ་གསོག་འཇོག་དང་གསར་གཏོད་གྲུབ་འབྲས་མཚོན་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།