ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཡང་གནང་བ།
ཉིན་ཤས་གོང། ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ལས་དོན་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཏེན་ཞུན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་དང་ཧུའུ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ལི་ཅན་ཀྲུང་གིས་བཞུགས་མོལ་ཚོགས་འདུའི་ཐོག་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པ་རེད།
ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་། ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས་ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཧུའུ་ནན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེའང་ཞུས་ཤིང་། ཁོང་གིས། ཁ་གཏད་བོད་སྐྱོར་ལས་དོན་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གཏན་འབེབས་གལ་ཆེན་ཞིག་རེད། ལོ་30ཡི་རིང་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་དང་དེ་བཞིན་ཕྱོགས་ཡོངས་དང་། གཏིང་ཟབ། ཁྱབ་ཁོངས་མང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། སླད་ཕྱིན་ཧུའུ་ནན་དང་བོད་ལྗོངས་གཉིས་པོས་དགེ་མཚན་ཆེ་རིགས་འདོན་སྤེལ་གྱིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མི་ཆོས་རིག་གནས་སྤེལ་རེས་སོགས་ཐད་མཉམ་ལས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲུབ་འབྲས་དངོས་དེ་བས་མང་པོ་བཏོད་ནས་ཁ་གཏད་བོད་སྐྱོར་ལས་དོན་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལི་ཏེན་ཞུན་གྱིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་སླད་ཕྱིན་ཧུའུ་ནན་དང་བོད་ས་གནས་གཉིས་ཀྱིས་རང་སོ་སོའི་འཐབ་ཇུས་ངེས་གནས་དང་ལས་འགན་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག སྐྱེ་ཁམས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། དེང་རབས་ཞིང་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་དངོས་སྒྲུབ་བྱས་ཏེ། དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་བཞུགས་རིང་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གྲྭ་དང་། སྨན་ཁང་། གླིང་ཁུལ་སོགས་སུ་སྔ་རྗེས་སུ་བསྐྱོད་ནས“ཚོགས་སྒྲིག་རྣམ་པའི”སློབ་གསོ་དང་། སྨན་བཅོས་བོད་སྐྱོར། ཐོན་ལས་བོད་སྐྱོར་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།