དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཐོན་ལས་བོད་སྐྱོར་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-02

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཚོང་འདུས་གྲོང་ཚོའི་ཡུལ་མི་དབང་ལགས་ཀྱི་ངོས་ནས་བརྗོད་ན“སྤུས་ཚད་མཐོ་བའི་ནས”ཞེས་པ་ནི་དེ་སྔ་གོ་མྱོང་མེད་པའི་ཐ་སྙད་ཅིག་ཡིན་ཞིང་། ཁོང་གིས“མི་རབས་ནས་མི་རབས་བར་ཞིང་པ་ཡིན་པའི་ང་ཚོ་ཚང་མས་ས་ཞིང་འདི་ལྟར་འདེབས་ཀྱི་ཡོད། ནས་ལ་ད་དུང་དམིགས་བསལ་གྱི་སྤུས་ཚད་མཐོ་པོ་ཅི་ཞིག་ཡོད་དམ”ཞེས་བརྗོད།

    ཡིན་ནའང་། ད་ཆ་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཐོན་ལས་རྣམ་གྲངས་ཀྱིས་ཁོང་གི་བསམ་ཚུལ་ལ་འགྱུར་ལྡོག་བྱུང་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཀྲི་ཀང་གིས“ནས་ཀྱི་སྣ་ཁ་གསར་པའི་མུའུ་རེའི་ཐོན་འབབ་མཐའ་འཁོར་གྲོང་ཚོ་ལས་སྤྱི་རྒྱ་50ལྷག་ཙམ་མཐོ་བ་ཡོད་པས་ཡུལ་འདི་གའི་མང་ཚོགས་ཚང་མ་ཧང་སངས་འདུག རྣམ་གྲངས་གཅིག་གི་ཐོན་འབབ་ལ་ཚད་ཡོད་ཀྱང་གལ་ཆེ་བ་ནི་ཞིང་ལས་དཔེ་སྟོན་ལ་བརྟེན་ནས་ཡུལ་འདི་གའི་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུ་དེ་རེད”ཅེས་བརྗོད།

    འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས་ནས་བཟོ་སྐྲུན་ལས་རིགས་བར་བོད་སྐྱོར་ཐོན་ལས་རྣམ་གྲངས་མང་པོ་ཞིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་རོགས་སྐྱོར་བྱ་ཡུལ་གྱི་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་ནས་ཐོན་ལས་རོགས་སྐྱོར་རྣམ་གྲངས་ཁག་229བཀོད་སྒྲིག་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་44.06བཏང་བ་དེས“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་མ་དངུལ་གྱི་20.3%བཟུང་ཡོད།

    ཞིང་ལས་ཀྱི་ལག་རྩལ་གསར་པ་ཁྱབ་གདལ་བཏང་བ།

    ཚོང་འདུས་གྲོང་ཚོའི་མུའུ་500ལྷག་ཙམ་ཟིན་པའི་སྔོ་ཐིང་ཐིང་གི་ཞིང་ནང་དུ་དེང་རབས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་གྲ་སྒྲིག་ཨང་གསར་བྱས་པ་དེ་ཐོག་ནས་མཐའ་འཁོར་གྱི་ཁོར་ཡུག་ལས་མངོན་གསལ་དོད།

    འདི་ནི་པའེ་ཏ་ཧོང་ཚད་ལྡན་ནས་འདེབས་འཛུགས་དཔེ་སྟོན་ཁུལ་རེད། 2020ལོའི་ཟླ་7པར་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་ཧེ་ལུང་ཅང་ཧོ་ཧྲན་ཞིང་རའི་ལས་བྱེད་པ་གཞིས་རྩེར་ཡོང་ནས་ས་མཐོའི་ཞིང་ལས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུཌ་ཡོད།

    ས་དཔྱད་ལུད་སྦྱོར་དང་། ས་ཁོད་སྙོམས་པ། སོན་འདེབས་ལག་རྩལ་གསར་པ་སྤྱོད་པ་སོགས་བྱས་པ་བརྒྱུད་2021ལོར་པའེ་ཏ་ཧོང་དཔེ་སྟོན་ཁུལ་དུ་ལོ་ལེགས་ཐེངས་དང་པོ་བྱུང་ཡོད། ལག་རྩལ་གསར་ཤོས་སྤྱད་པར་བརྟེན་ལོ་དེའི་ནས་མུའུ་རེའི་ཐོན་འབབ་དང་སྤུས་ཚད་ཚང་མ་ས་གནས་ཀྱི་སྲོལ་རྒྱུན་འདེབས་སྟངས་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    དབང་ལགས་ནི་འགྱུར་ལྡོག་དེ་འདྲ་བྱུང་བའི་དཔང་པོ་བ་ཞིག་ཡིན་ཞིང་། སྟོན་དུས་སུ་ཚོད་ལྟའི་ཞིང་ཁར་འབྲས་བུའི་ཁུར་གྱིས་དུད་པའི་ནས་ཀྱི་སྙེ་མ་ལྡེམ་ལྡེམ་བྱེད་པ་མཐོང་སྐབས་དབང་ལགས་སྤྲོ་སྣང་རབ་ཏུ་འཕེལ།

    པའེ་ཏ་ཧོང་དཔེ་སྟོན་ཁུལ་སྐྲུན་འགོ་ཚུགས་མ་ཐག་ཁོང་དང་མཐའ་འཁོར་གྱི་ཡུལ་མི་རྣམས“ས་ཞིང་འདེབས་པར་དཀའ་ལས་དེ་འདྲ་རྒྱག་དོན་ཅི་ཡིན”སྙམ་པའི་ཐེ་ཚོམ་གྱི་དྲ་རུ་ཚུད་རུང་། ཡུན་རིང་མ་སོང་བར་པའེ་ཏ་ཧོང་དཔེ་སྟོན་ཁུལ་ལ་ལོ་ལེགས་བྱུང་བ་མཐོང་སྐབས་ཁོང་གིས“ད་བྱེད་དུས་དཀའ་ལས་བརྒྱབ་ན་ཐོན་འབབ་འདི་འདྲ་མང་པོ་ཡོང་གི་འདུག”ཅེས་ཧང་སངས་བཞིན་བརྗོད།

    འདི་ལས་དབང་ལགས་ཀྱི་བསམ་བློར་འགྱུར་ལྡོག་ཐེབས་ནས་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བཙལ་ཏེ“ལག་རྩལ་འདི་འདྲ་ངས་སྦྱངས་ན་འགྲིག་གམ”ཞེས་དྲིས་པས། བོད་སྐྱོར་ལས་བྱེད་པས“ང་ཚོས་ལག་རྩལ་ནང་འདྲེན་བྱེད་དོན་ནི་ཚང་མས་སྦྱངས་ན་བསམ་པ་ཡིན”ཞེས་ལན་བཏབ།

    ད་ཆ་དབང་ལགས་ཀྱིས་ཞིང་འཕྲུལ་བོགས་གཏོང་མཉམ་ལས་ཁང་ཞིག་བཙུགས་ཡོད་པས། རང་ཉིད་ཀྱི་ས་ཞིང་འཕྲུལ་ཆས་ལ་བརྟེན་པ་མ་ཟད། ད་དུང་མཐའ་འཁོར་གྱི་ཡུལ་མི་ཚོར་ཞིང་འཕྲུལ་བོགས་མར་གཏོང་གི་ཡོད། ན་ནིང་ཁོང་གིས་ཡུལ་མི་འགའ་ཞིག་དང་མཉམ་དུ་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་གཏོང་སྟངས་ཀྱི་ལག་རྩལ་སྦྱངས་ཡོད།

    ཡུས་ཀྲི་ཀང་གིས་ངོ་སྤྲོད་བྱས་དོན། པའེ་ཏ་ཧོང་དཔེ་སྟོན་ཁུལ་གྱིས་སྔོན་ཐོན་གྱི་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་སྤྱད་དེ་ས་གནས་དེ་གའི་ཡུལ་མིའི་ས་ཞིང་ལ་རིན་མེད་ངང་ལུད་རྒྱག་པ་དང་ཞིང་སྨན་གཏོར་རོགས་བྱས་པ་དང་། 2023ལོར་རྨོ་ཞིང་མུའུ་4700ལྷག་ཙམ་ཚབ་བྱས་གཡོག་བྱེད་བྱས་པས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ས་མཐོར་གང་ལེགས་སྤྱོད་ཐུབ་པ་བྱུང་ཡོད།

    “སྒོ་རྩར”ལས་ཞུགས་ཀྱི་ལས་སྟེགས་བསྐྲུན་པ།

    ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་གནམ་གང་ཚུལ་ཁྲིམས་ནི་2023ལོར་སློབ་ཆེན་ཐོན་པའི་སློབ་མ་ཞིག་ཡིན་པ་དང་། 2024ལོའི་ཟླ་3པར་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་ཞུགས་ནས་ལས་གྲྭ་པུའི་སྒྲིག་སྦྱོར་པའི་ལས་ལ་གཞོལ་བཞིན་ཡོད།

    ཁོང་གིས“‘གཅིག་གཏད་གཅིག’གི་དགེ་རྒན་གྱི་ཁྲིད་སྟོན་འོག་ལས་ཀའི་ཐད་ཀྱི་གནད་དོན་ཚང་མ་དུས་ཐོག་ཏུ་ཐག་གཅོད་ཐུབ་པས་ངས་རྩལ་ནུས་མང་པོ་ཤེས་བྱུང”ཞེས་བརྗོད།

    2019ལོར་ཧུའུ་པེ་ཞིང་ཆེན་ཐོན་ལས་བོད་སྐྱོར་རྣམ་གྲངས་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བཙུགས་པས་ས་གནས་དེ་གའི་མི་100ལྷག་ཙམ་ལ་སྒོ་རྩ་ནས་ལས་ཀ་རག་ཡོད།

    ཧུའུ་པེའི་ཐོན་ལས་བོད་སྐྱོར་རྣམ་གྲངས་བརྒྱུད་ལྷོ་ཁ་གྲོང་ཁྱེར་དུ་གནམ་གང་ཚུལ་ཁྲིམས་དང་འདྲ་བར“སྒོ་རྩ”ནས་ལས་ཞུགས་ཐུབ་མཁན་ད་དུང་ཧ་ཅང་མང་པོ་ཡོད། མིག་སྔའི་བར། ཧུའུ་པེའི་བོད་སྐྱོར་ཁེ་ལས་སུ་ས་གནས་དེ་གའི་མི་2300ལྷག་ཙམ་ལས་ཞུགས་ཐུབ་ཅིང་། ཧུའུ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཝུན་ལུང་གིས“ཐོན་ལས་བོད་སྐྱོར་ནི་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད”ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་དམིགས་ཏེ་ཐོན་ལས་བོད་སྐྱོར་གྱི“གསེར་གྱི་མིང་བྱང”རྒྱུན་མཐུད་བཏོད་ཡོད། ཧྭ་ཤིན་ཨར་འདམ་དང་བོད་ལྗོངས་ཧུང་ནུང་གིས་མཚོན་བྱེད་དུ་བྱས་པའི་ཧུའུ་པེའི་བོད་སྐྱོར་ཁེ་ལས་ཁག་གཅིག་གིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ས་གནས་དེ་གར་ལས་ཞུགས་མང་དུ་བཏང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་དུས་མཚུངས“གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད”བྱས་ནས་ཐོན་ལས་ཀྱི་ཁྱབ་འགྱེད་ནུས་པ་ཆགས་པར་བྱས་ཡོད།

    རང་འགུལ་ངང་དབྱེ་འབྱེད་དང་། སྨུག་ཕྱིའི་འོད་ཀྱིས་འབུ་ཕྲ་གསོད་པ། ཐུམ་སྒྲིལ་སོགས་རིག་ནུས་ཅན་གྱི་བོད་བྱའི་ཐོན་ལས་གླིང་ཞིག་སྣེ་གདོང་ཆུས་སུ་བསྐྲུན་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་ཆེད་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མ་དངུལ་ཧུར་ཐག་བཏང་སྟེ་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་ཡོད།

    2022ལོའི་ཟླ་6པ་ནས་བཟུང་། སྣེ་གདོང་ཆུས་ཀྱི་གྲོང་ཚོ་20ཡི་ཞིང་འབྲོག་མང་ཚོགས་ཀྱིས་སྔ་རྗེས་སུ་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱས་ནས“ཁྱིམ་གྱི་སྒོ་འགྲམ”དུ་ཁྱིམ་བྱ་གསོ་ཚགས་བྱས་པས་ཡོང་འབབ་མང་དུ་ཤུགས་ཆེན་ཕྱིན་ཞིང་། བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཧུང་ལིན་གྱིས“འབྱུང་འགྱུར་ང་ཚོས་ལས་སྣོན་ཞིབ་ཚགས་དང་། ཐུམ་སྒྲིལ། ཟོག་འགྲེམས་སོགས་ཐོན་ལས་ཀྱི་ཕྱོགས་སུ་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་ཀྱི་ཡིན”ཞེས་བརྗོད།

    ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་བཏང་བ།

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་། དེ་ཁུལ་དུ་རི་རྒྱུད་མུ་ལ་མུ་འབྲེལ་དུ་གནས་ཡོད། སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་མང་པོ་ལྡན་པའི་དེང་རབས་ཅན་གྱི་གྱོན་ཆས་བཟོ་གྲྭ་ཞིག་དེ་ཁུལ་དུ་ཆགས་ཡོད།

    འདི་ནི་བོད་ལྗོངས་ཁྲང་རུང་ནགས་ཤོད་ཚོགས་པ་ཚད་ཡོད་ཀུང་སི་ཡིན་ཞིང་། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡེ་དབན་ཧྭ་ཡིས“ད་ཆ་ཁེ་ལས་ལ་ཐོན་སྐྱེད་སྒྲུབ་རིམ་5དང་རིག་ནུས་ཅན་གྱི་སྒྲིག་ཆས་200ལྷག་ཙམ་ཡོད”ཅེས་གསར་འགོད་པར་བརྗོད།

    ཡེ་དབན་ཧྭ་ཡིས་ལོ་4ལྷག་ཙམ་གོང་ཀྲེ་ཅང་ཉིང་པོའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ས་གནས་དེ་གར་ལག་རྩལ་འདུས་ཚད་མཐོ་བ་དང་ཕན་འབྲས་བཟང་བའི་ཁེ་ལས་ཤིག་འཚོལ་རྒྱུའི་རེ་བ་བྱས་ཡོད། ཕར་འདྲི་ཚུར་འདྲི་བྱས་པ་བརྒྱུད་མཐར་ཉིང་པོ་ཁྲང་རུང་གྱོན་ཆས་བཟོ་གྲྭ་ཚད་ཡོད་ཀུང་སི་རྙེད་པ་ཡེ་དབན་ཧྭ་ཡིས་ད་ལྟའང་སེམས་ལ་གསལ་པོ་དྲན་གྱི་ཡོད།

    ཚོང་གཉེར་བྱས་མ་ཐག་པའི་སྐབས་སུ་ཁྲོམ་ར་ཆུང་བའི་དབང་གིས་མངགས་ཐོའི་གྲངས་འབོར་མང་པོ་མེད་པ་ཡེ་དབན་ཧྭ་ཡིས་ཤེས་རྟོགས་བྱུང་ཞིང་། “སྲོལ་རྒྱུན་གྱི་ལག་རྩལ་ལ་གཞིགས་ན། གཞི་ཁྱོན་ཆུང་བའི་ཐོན་སྐྱེད་དང་འདྲ་བར་ཇུས་འགོད་བྱེད་དགོས་ཀྱི་ཡོད། ཐོན་སྐྱེད་བྱེད་པར་ཉིན་60ནས་70བར་འགོར་བས་དུས་ཚོད་རིང་བ་དང་མ་གནས་མཐོ་པོ་ཡོད”ཅེས་ཡེ་དབན་ཧྭ་ཡིས་ཕྱིར་དྲན་བྱེད་བཞིན་བརྗོད།

    དཀའ་ངལ་འཕྲད་སྐབས་ཁོང་གིས་ཀྲེ་ཅང་ཉིང་པོ་ཡི་བོད་སྐྱོར་ལས་བྱེད་པ་ཚོ་དང་གྲོས་བསྡུར་ཧུར་ཐག་བྱས་ཤིང་། ཞིབ་འཇུག་ཐེངས་འགའ་བྱས་རྗེས་ཚང་མའི་བསམ་འཆར་གཅིག་མཐུན་བྱུང་བ་སྟེ། ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་རྒྱུ་དེ་རེད། གནད་དོན་འདི་ཐག་གཅོད་བྱ་ཆེད། ཡེ་དབན་ཧྭ་ཡིས་ཐོན་སྐྱེད་སྒྲུབ་རིམ་གསར་པ་ནང་འདྲེན་བྱས་ཡོད། ལག་རྩལ་གསར་པ་སྤྱད་པའི་སྒྲིག་ཆས་ལས་གྱོན་ཆས་ཐོན་སྐྱེད་ཀྱི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་པ་མ་ཟད། ད་དུང་རྒྱང་བསྟེན་ལྟ་འདོམས་བྱས་པས་རང་ཉིད་ཀྱི་མངགས་ཐོར་དེ་བས་བློ་བདེ་པོ་བྱུང་ཡོད།

    ད་ཆ་ཁེ་ལས་ཀྱི་ཐོན་སྐྱེད་ལ་རང་འགུལ་ཅན་གྱི་ཆུ་ཚད་ཅུང་མཐོ་རུ་ཕྱིན་ཞིང་། “མངགས་ཐོ་ལེན་པ་ནས་གྱོན་ཆས་རྩིས་སྤྲོད་པའི་བར་ཉིན་35ཙམ་ལས་འགོར་གྱི་མེད”ཅེས་ཡེ་དབན་ཧྭ་ཡིས་ཅེས་བརྗོད།

    “ང་ཚོས་ཁེ་ལས་བོད་ལྗོངས་ནག་ཆུར་མ་འཇོག་བྱེད་པར་ནང་འདྲེན་བྱས་ནས་ཐོན་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐྱེད་སྲིང་བྱས་ཏེ་ནག་ཆུའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་གི་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ནག་ཆུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅེ་ཅན་ཁྲེང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།