དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས“སྐོར་སྐྱོད་བསམ་བློ་ཆབ་སྲིད་སློབ་ཚན”གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ།

    གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཤེས་ཚོར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཀྲའོ་ཧྲོའེ་ཅེ།   |     སྤེལ་དུས།  2024-09-01

    ད་ལོའི་དབྱར་ཁའི་གུང་གསེང་རིང་། ཀན་སུའུ་ཞིང་ཆེན་ཧུའེ་ཉིང་རྫོང་དུ་གནས་པའི་དམར་དམག་ཧུའེ་ཉིང་གི་དམག་དཔུང་མཉམ་འཛོམས་ཁུལ་གྱི་གནས་རྙིང་དུ་ལྟ་སྐོར་བ་ཁག་གཅིག་སླེབས་ཤིང་། དགེ་སློབ་400ལྷག་ཙམ་གྱིས་གཅིག་གྱུར་གྱི་གྱོན་ཆས་གྱོན་པ་དང་གྲལ་སྟར་འགྲིག་པོས་ཡན་ལག་རུ་ཁག་3བཙུགས་ཏེ། ཀན་སུའུ་ཞིང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་དང་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་བརྗོད་དོན་གཙོ་བོར་བྱས་པའི“སྐོར་སྐྱོད་བསམ་བློ་ཆབ་སྲིད་སློབ་ཚན”གྱི་ལག་ལེན་བྱེད་སྒོར་ཞུགས་པ་རེད།

    1996ལོར་བསྐྲུན་པའི་དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁའི་མཛེས་ལྗོངས་གླིང་ནི་དགེ་སློབ་ཚོ་འབྱོར་སའི་ས་ཚིགས་དང་པོ་དེ་རེད། དེ་གར་རི་དབྱིབས་ཀྱི་ས་བབ་སྤྱད་དེ་རྒྱང་སྐྱོད་ལམ་གྱི་ས་རྟགས་མང་པོ་བཟོས་ཡོད། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་བསམ་བློ་ཆབ་སྲིད་ཁྲུའི་ཁྲུའུ་ཀྲང་ཅའོ་ཕུང་ཉིང་གིས“དགེ་སློབ་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་ཆེད། ང་ཚོས་ཧུའེ་ཉིང་དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁའི་དྲན་གསོ་ཁང་གི་འགྲེལ་བཤད་པ་གདན་དྲངས་ནས་ཚང་མར་གསར་བརྗེའི་གཏམ་རྒྱུད་བརྗོད་དུ་བཅུག་པ་ཡིན”བྱེད་སྒོ་སྤེལ་རིང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཐུང་ངུ་སྒྲིག་འཛུགས་བྱས་ཏེ། འགྲོ་ཞོར་དུ་སློབ་ཚན་ཁྲིད་པ་དང་ཁྲིད་ཞོར་ལ་ཉན་ནས་ལྗོངས་རྣམ་ཀྱི་སློབ་ཁྲིད་བྱས་པས་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྔར་བས་གསལ་པོར་མངོན་ཡོད་ཅེས་བརྗོད།

    “གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་མེས་པོའི་ཞབས་རྗེས་འཚོལ་ཞིབ་བྱ་རྒྱུ་བྱུང་བས། ད་ཐེངས་ཀྱི་དབྱར་ཁའི་གུང་གསེང་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན”བསམ་བློ་ཆབ་སྲིད་སློབ་ཚན་དེ་རིགས་ལ་ཞུགས་ཐེངས་དང་པོ་ཡིན་པའི་ཧུའེ་ཉིང་རྫོང་སློབ་འབྲིང་ལྔ་པའི་མཐོ་རིམ་ལོ་རིམ་གཉིས་པའི་སློབ་མ་ཀྲང་ཀྲི་ཞང་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་མྱོང་ཚོར་བྱུང་ཡོད།

    བྱེད་སྒོ་ཧྲིལ་པོར་ལམ་ཐག་སྤྱི་ལེ་12དང་གཡང་གཟར་ལ་ལམ་གུ་དོག་པོ་ཡོད་པས། ལམ་ཕྱེད་ཙམ་ནས་སློབ་མ་འགའ་ཞིག་དཀའ་ལས་ཁག་ནས་དབུགས་ཀྱང་ཧལ་གྱི་ཡོད། འོན་ཀྱང་དཀའ་ལས་ཁག་ནས་སྡུག་སྐད་རྒྱག་མཁན་གཅིག་ཀྱང་མེད་པ་རེད།

    “ང་དང་ངའི་མེས་རྒྱལ་གཉིས། སྐད་ཅིག་ཙམ་ཡང་བྲལ་མི་རུང……”ཞེས་པ་དང“གླུ་ཞིག་བླངས་ནས་ཏང་ལ་ཕུལ། ཏང་ནི་མ་ཡུམ་ལས་ཀྱང་ལྷག……”ཅེས་སུ་ཞིག་གིས་གླུ་འགོ་བརྩམས་མིན་མི་ཤེས་པར་གླུ་སྒྲ་དཔུང་ཁག་ཡོངས་སུ་ཁྱབ་ཅིང་། གླུ་ཇི་ཙམ་བླངས་པ་དེ་ཙམ་གྱིས་སྐད་ཤུགས་ཆེ་བ་དང་། ཇི་ཙམ་བླངས་པ་དེ་ཙམ་གྱིས་སྐད་སྒྲ་གསང་དུ་འགྲོ་བཞིན་མཆིས”

    “འགྲོ་སྐྱོད་བྱེད་པའི་བརྒྱུད་རིམ་ནང་དམར་དམག་འཐབ་འཛིང་པ་རྣམས་ལས་སླ་པོ་ཞིག་མིན་པ་དང་ཁོང་ཚོས་རྒྱུན་འཁྱོངས་ལྷོད་མེད་གནང་བར་མྱོང་ཚོར་ཟབ་མོ་བྱུང”ཞེས་ནུབ་བྱང་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་2021ལོའི་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་སློབ་མ་ལའེ་ཧྥ་ཧྲན་གྱིས་བརྗོད། “སྐོར་སྐྱོད་བསམ་བློ་ཆབ་སྲིད་སློབ་ཚན་དེས་ཁོ་མོའི་ཕུགས་བསམ་དོན་གཉེར་གྱི་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཡོད”

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།