དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲའན་ཤིས་ལིན་ཡིའུ་རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་དང་། ཐོན་ལས། ཡུལ་སྐོར། ཞབས་ཞུ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཀྱིས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཏན་ཧྭ།   |     སྤེལ་དུས།  2024-09-01

    ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པའི་ལིན་ཡིའུ་རྫོང་ནི་བྱང་ཕྱོགས་ཀན་སུའུ་ཞིང་ཆེན་དང་ས་འབྲེལ་ཡིན་ཞིང་། འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་དུས་ཡུན་རིང་པོའི་ནང་འཕེལ་རྒྱས་དེ་ཙམ་བྱུང་མེད། 2018ལོའི་ཟླ་8པར། ལིན་ཡིའུ་རྫོང་གིས་ལམ་བཟོའི་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཡོད།

    “ལམ་འདི་བཟོ་བར་ལས་སླ་པོ་ཞིག་མེད”ཅེས་ལིན་ཡིའུ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལས་བྱེད་པ་ཏུའུ་ཧྲའོ་པོ་ཡིས་ལམ་བཟོའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་འདི་ལྟར་བརྗོད། ལིན་ཡིའུ་རྫོང་གི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། རི་མཐོ་ལ་ཆར་པ་མང་བ་དང་འབྲུབ་ཆུ་རྒྱས་དུས་རིང་བས། ནུས་ལྡན་གྱི་ཨར་ལས་དུས་ཚོད་ཐུང་ཐུང་རེད། ལམ་འདི་བསྐྲུན་པའི་ལས་ཡུན་ལོ་གཉིས་ཡིན་པ་དང་། ནུས་ལྡན་གྱི་ཨར་ལས་དུས་ཚོད་ལོ་གཅིག་དང་ཕྱེད་ཀ་ལས་མེད།

    སྐབས་དེའི་རིང་ཏུའུ་ཧྲའོ་པོ་དང་ལས་རོགས་ཚོ་ཉིན་ལྟར་ལས་ཁུངས་དང་ལམ་བཟོ་སར་ཕར་འགྲོ་ཚུར་འོང་བྱས་ཏེ་འབྲེལ་ཡོད་འགྲོ་ལུགས་གཉེར་བ་དང་། གནས་སྐབས་ལས་མི་སྤྱོད་པའི་གནད་དོན་ཐག་གཅོད། ཐོན་སྐྱེད་འགྲོ་ལམ་མཐུན་སྦྱོར། ཨར་ལས་སྤུས་ཚད་ལ་ཞིབ་བཤེར་སོགས་བྱེད་ཀྱི་ཡོད། ཨར་ལས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ཁོང་ཚོས་ཨར་ལས་རུ་ཁག་དང་མཉམ་ཟ་མཉམ་འཐུང་དང་ལས་དུས་འཕར་མ་བྱེད་ཀྱི་ཡོད། ཁྱིམ་ལ་དོན་དག་ཛ་དྲག་པོ་ཡོད་པ་ཕུད། རྣམ་གྲངས་སྐྲུན་སྐབས་ཏུའུ་ཧྲའོ་པོ་ཧ་ལམ་ཉིན་ལྟར་ལས་ཡུལ་དུ་སྡོད་ཀྱི་ཡོད་ཅིང་། ཏུའུ་ཧྲའོ་པོ་ཡིས“2020ལོའི་ཟླ་10པར་རླངས་འཁོར་ཤར་གཏོང་ཐུབ་སྐབས་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། ལམ་རྒྱུད་ཀྱི་གྲོང་ཚོ་ཁག་གི་མང་ཚོགས་ལམ་བར་དུ་འཛོམས་ནས་འཁྲུག་ཆ་དོད་པོ་འདུག”ཅེས་བརྗོད།

    ལམ་ཤར་གཏོང་ཐུབ་པས་ཕྱི་རོལ་ཡུལ་དང་འབྲེལ་བ་བྱེད་བདེ་རུ་ཕྱིན་ཡོད། པེ་མ་ཧྥང་གྲོང་ཚོའི་ཞིང་ནང་དུ་ཚང་མ་སོ་ནམ་ལས་ལ་བྲེལ་བཞིན་ཡོད་ཅིང་། པེ་མ་ཧྥང་གྲོང་ཚོའི་ཡུལ་མི་ལུའུ་ནེ་ལིན་གྱིས“གྲོང་ཚོའི་ལམ་ཡག་པོ་བཟོས་འདུག་པས་ཞིང་ལས་ཐོན་རྫས་ཡག་པོ་བྲིན་སོང”ཞེས་བརྗོད་པ་དང་། ཁོང་གིས། ཚོང་པས་ཟོག་འདྲེན་རླངས་འཁོར་ཞིང་ནང་མུ་ཁར་བཏང་ནས་རི་ཁུལ་གྱི་སྤུས་ལེགས་མ་རྨོས་ལོ་ཏོག་ཧྲང་ཧའེ་དང་ཅང་སུའུ་སོགས་སུ་འཚོང་གི་འདུག་ཅེས་བརྗོད། “ལམ་འདིའི་སྣེ་གཅིག་ང་ཚོ་ཡུལ་མི་དང་འབྲེལ་བ་དང་སྣེ་གཅིག་ཕྱུག་འགྱུར་གྱི་རེ་བ་དང་འབྲེལ་ཡོད”ཅེས་ལུའུ་ནེ་ལིན་གྱིས་མྱོང་ཚོར་ཟབ་མོས་བརྗོད།

    ལམ་ཤར་གཏོང་ཐུབ་པ་ནི་འགོ་འཛུགས་ས་ཙམ་ཡིན་ཞིང་། ལིན་ཡིའུ་རྫོང་གིས་ལོ་ལྟར་གྲོང་གསེབ་གཞུང་ལམ་གྱི་རིམ་པ་མཐོ་རུ་གཏོང་རྒྱུ་དེ་སྲིད་གཞུང་གི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ནང་བཅུག་སྟེ་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་བྱུང་སྐྱེ་ཁམས་དང་། ཐོན་ལས་འཕེལ་རྒྱས། ལོ་རྒྱུས་ཀྱི་མི་ཆོས་རིག་གནས་སོགས་ཀྱི་གཞི་རྒྱུ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱུང་ཡོད། རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་དང་། ཐོན་ལས། ཡུལ་སྐོར། ཞབས་ཞུ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། གྲོང་གསེབ་ཀྱི་གཞུང་ལམ་དེ་བས་མང་བས་རྨང་གཞིའི་འགྲིམ་འགྲུལ་འགན་ལེན་ཡག་པོ་ཐུབ་པ་མ་ཟད། འཕེལ་རྒྱས་དང་ཕྱུག་འགྱུར་གྱི་དཔལ་འབྱོར་རིན་ཐང་ཡང་མཁོ་འདོན་བྱེད་ཀྱི་ཡོད།

    ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ལམ་རྒྱུད་ཀྱི་གྲོང་ཚོ་འཕེལ་རྒྱས་མགྱོགས་སུ་ཕྱིན་ཞིང་། “ཉེ་བའི་ལོ་གཉིས་རིང་ཡུལ་སྐོར་བ་མང་པོ་ཡོད། ང་ཚོས་གཞུང་ལམ་ལ་བརྟེན་ནས་ཚོང་པའི་ཡིད་དབང་འཕྲོག་པར་བྱས་ནས་ལུག་གི་ལྷས་ར་དང་། དམངས་སྲོལ་གནས་ཚང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཅས་བསྐྲུན་ཡོད། མིག་སྔར་ང་ཚོས་རོལ་རྩེད་ཐང་ཆེན་རྒྱ་ཆེར་བཏང་ནས་མི་དེ་བས་མང་བ་གྲོང་ཚོར་ཡུལ་སྐོར་ལ་ཡོང་བའི་བརྩོན་ལེན་བྱེད་བཞིན་ཡོད”ཅེས་གཞུང་ལམ་འདིའི་དགེ་མཚན་སྐོར་གླེང་སྐབས་ཐེ་ལུའུ་ཀོའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥེང་དབན་ཕིང་གིས་བརྗོད།

    འཛུགས་སྐྲུན་ནི་གཙོ་བོ་ཡིན་ཡང་བདག་སྐྱོང་བྱེད་རྒྱུ་ནི་དེ་བས་གལ་འགངས་ཆེ། གཞུང་ལམ་ཡག་པོ་བཟོས་ན། བདག་སྐྱོང་དེ་བས་ཡག་པོ་བྱེད་དགོས། ལིན་ཡིའུ་རྫོང་གིས་ལམ་དཔོན་ལམ་ལུགས་ལག་བསྟར་བྱས་ནས་རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་རིམ་གསུམ་ལམ་དཔོན་གྱི་འགན་འཁུར་གྱི་ཡོད། ལམ་དཔོན་ཕུད། ད་དུང་རྫོང་ཡོངས་ལ་ལམ་སྲུང་བ་བཀོད་སྒྲིག་བྱས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་106བཀོད་སྒྲིག་བྱས་ཡོད། ལམ་སྲུང་བར་ལོ་རེར་ཡོང་འབབ་སྒོར་ཁྲི་1.5རག་གི་ཡོད་པ་མ་ཟད། ད་དུང་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱི་འགན་བཅོལ་ཡང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།