དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལོ་ངོ་30ཡི་རིང་ཧྲང་ཧའེ་བོད་སྐྱོར་ལས་བྱེད་པས་རྒྱལ་རྩེ་རྫོང་གི་ལས་བྱེད་མང་ཚོགས་དང་མཉམ་དུ་སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-01

    འདི་ནི་ཧོའུ་ཁུན(གཡོན)གྱིས་གཤགས་བཅོས་བྱེད་བཞིན་པ།

    འདི་ནི་བོད་སྐྱོར་ལས་བྱེད་པ་ཧུའུ་ཧྥ་ཝུའེ(གཡས)ཡིས་རོང་ས་དམར་པོའི་ཁུལ་དུ་ཁོག་མའི་ནང་བཏབ་པའི་སྐྱེ་དངོས་ཀྱི་སྐྱེ་འཚར་ལ་ལྟ་བཞིན་པ།

    རྩོམ་སྒྲིག་པའི་གཏམ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་གྲུབ་ཆ་ལེགས་སུ་བཏང་སྟེ། ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་ཕུལ་བྱུང་ཤེས་ལྡན་པ་འདེམས་གཏོང་གིས་བློ་སྟོབས་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།

    1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས། ལོ་30ཡི་རིང་། བོད་སྐྱོར་ལས་བྱེད་པ་མི་རབས་ནས་མི་རབས་ཀྱིས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཏེ་དཀའ་སྤྱད་འབད་འཐབ་བྱེད་པའི་དམ་བཅའ་བཞག འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྒྱལ་རྩེ་རྫོང་དུ་བསྐྱོད་དེ་སློབ་གྲྭ་ཞིག་གི་འཕོ་འགྱུར་དང་། གླིང་ཁུལ་ཞིག་གི་འཕེལ་རྒྱས། བརྩེ་སེམས་ཤིག་གི་རྒྱུན་མཐུད་བཅས་ལས་བོད་སྐྱོར་ལས་བྱེད་པས་ཡུལ་དེ་གའི་ལས་བྱེད་མང་ཚོགས་དང་མཉམ་དུ་སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་དུ་གཉེར་བའི་མི་སེམས་འགུལ་བའི་གཏམ་རྒྱུད་སྐོར་བརྗོད་རྒྱུ་ཡིན།

    ལོ་30ཡི་རིང་། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་70ལྷག་ཙམ་སྔ་རྗེས་སུ་ས་བབ་སྨི་4000ཟིན་པའི་རྒྱལ་རྩེ་རྫོང་དུ་ཡོང་ནས་ཡུལ་དེ་གའི་ལས་བྱེད་མང་ཚོགས་དང་མཉམ་དུ་སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱས་པར་བརྟེན། ཡུལ་ལུང་དེ་གར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    སློབ་གྲྭ་ཞིག་གི་འཕོ་འགྱུར།

    “ཆེས་གཞི་རིམ་དུ་བསྐྱོད་དེ་ཆེས་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ”

    ས་ཆ་དེ་གར་ལོ་70ལྷག་ཙམ་འཚོ་བ་བསྐྱལ་བ་དང་སྔོན་ཆད་རྒྱལ་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་མྱོང་བའི་ཟླ་བ་རྒན་ཡོལ་ཞུས་རྗེས་རྟག་ཏུ་རྫོང་གྲོང་དུ་ལྟ་བར་འགྲོ་གི་ཡོད་ཅིང་། རྒྱལ་རྩེ་མིན་ཧང་སློབ་འབྲིང་དང་། ཧྲང་ཧའེ་ལམ། ཁྲང་ཉིང་ལམ་བཅས་མིག་ལམ་དུ་འཆར་རིམ་བཞིན་རང་དབང་མེད་པར་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེའི་གཟུགས་བརྙན་ཡིད་ལ་ལྷང་ལྷང་དུ་འཁོར།

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ཐོག་མར་སླེབས་སྐབས། རྒྱལ་རྩེ་རྫོང་གྲོང་གང་སར་ས་རྡོའི་ལམ་ཡིན་ལ་ཐོག་དཔངས་དམའ་བའི་ཁང་པ་ཉུང་ངུ་ཙམ་ལས་མེད། གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཐག་རིང་ནས་ཡོང་བའི་ན་གཞོན་དེ་དག་རྫོང་དུ་སྐྱེལ་སྐབས་ཁོང་ཚོའི་ངོ་གདོང་ནས་འགྲུལ་བཞུད་ཀྱི་ངལ་དུབ་དང་འབྱུང་འགྱུར་གྱི་མཚར་སྣང་གི་རྣམ་པ་མངོན།

    བྱ་བ་གང་ནས་འགོ་བཙུགས་ཏེ་སྒྲུབ་དགོས་སམ། ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཝང་ཧྲེང་དབྱང་གིས་སྔོན་ལ་གནས་ཚུལ་གསལ་པོ་ཤེས་རྟོགས་བྱེད་དགོས་སྙམ། “ང་ཚོས་སྒྲུབ་ཐུབ་པ་ནི་སྔོན་ལ་ཕྱོགས་མང་པོར་བརྟག་ཞིབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བོད་སྐྱོར་རྣམ་གྲངས་ཁག་གཅིག་གཏན་འཁེལ་བྱེད་དགོས་པ་དེ་རེད”ཅེས་ཝང་ཧྲེང་དབྱང་གིས་ཕྱིར་དྲན་བྱེད་བཞིན་བཤད།

    ཞོགས་པ་སྔ་མོ་ནས་ལམ་ལ་ཆས་ཏེ་ཝང་ཧྲེང་དབྱང་གིས་གཤམ་སྐྱོད་བྱེད་འགོ་ཚུགས་ནས་ས་ཚིགས་རེ་རེ་བཞིན་ལ་བལྟས་རྗེས། དགོང་མོའི་ཆུ་ཚོད་11པར་གཞི་ནས་རྫོང་དུ་ལོག་ཐུབ་ཙམ་བྱུང་ཡོད། “ཕྱིར་ལོག་རྗེས་ཞལ་ལག་མཆོད་ཁོམ་ཡང་མེད་པར་འཕྲལ་དུ་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལ་བརྡ་ཐོ་བཏང་ནས་ཚོགས་འདུ་འཚོག་གི་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་ཐེངས་དང་པོའི་བོད་སྐྱོར་ལས་བྱེད་པ་ཀྲའོ་རུང་ཧྲན་གྱིས་ཕྱིར་དྲན་བྱས་ནས་བཤད། ཟླ་བས“ཆེས་གཞི་རིམ་དུ་བསྐྱོད་ནས་ཆེས་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པར་བརྟེན། བོད་སྐྱོར་ལས་བྱེད་པའི་སྤྱོད་ཚུལ་གྱིས་ང་ཚོའི་དོགས་འཆར་བསལ་སོང”ཞེས་ཚོར་སྣང་ཟབ་མོའི་སྒོ་ནས་བརྗོད།

    བརྟག་ཞིབ་བྱས་རྗེས་སློབ་གྲྭ་འཛུགས་པ་ནི་ཝང་ཧྲེང་དབྱང་དང་རྒྱལ་རྩེའི་ལས་བྱེད་པ་ཚོས་གྲོས་ཐག་བཅད་པའི་བྱ་བ་དང་པོར་གྱུར།

    དེ་དུས་རྒྱལ་རྩེ་རྫོང་གི་ཤང་ཁག་ཏུ་རིམ་བཞིན་སློབ་ཆུང་བཙུགས་ཡོད་མོད། སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་དུ་སྐྱོད་མཁན་མང་པོ་མེད། ཧྲང་ཧའེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་300བཏང་ནས་རྒྱལ་རྩེ་རྫོང་ལ་སློབ་འབྲིང་གསར་པ་ཞིག་འཛུགས་རྒྱུ་ཡིན་པ་ཐོས་རྗེས། སྐབས་དེ་དུས་རྒྱལ་རྩེ་རྫོང་གི་སློབ་གསོ་དང་འཕྲོད་བསྟེན་ལས་དོན་གྱི་འགན་འཁུར་མཁན་རྫོང་དཔོན་གཞོན་པ་མིག་དམར་ཚེ་རིང་དགའ་སྤྲོ་ཆེན་པོ་སྐྱེས་ནས“ང་ཚོའི་དཀའ་གནད་ཆེན་པོ་ཐག་གཅོད་བྱས་སོང”ཞེས་བཤད།

    1997ལོར་བྱམས་པ་སྲི་གཅོད་རྒྱལ་རྩེ་མིན་ཧང་སློབ་འབྲིང་འགྲིམས། “སྐབས་དེ་དུས་སློབ་གྲྭའི་ནང་ཐོག་དཔངས་དམའ་བའི་ཁང་ཆུང་གཉིས་ལས་མེད། ལུས་རྩལ་ཐང་དུ་ཆར་པ་བབས་ཚེ་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད” 2008ལོར་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་བྱམས་པ་སྲི་གཅོད་མ་ཡུམ་སློབ་གྲྭར་ལོག་ནས་ལས་ཀར་ཞུགས་ཤིང་། དེ་དུས་སློབ་གྲྭར་འཕོ་འགྱུར་ཆེན་པོ་ཕྱིན་ཡོད།

    ཕྱིས་སུ་རྐང་རྩེད་སྤོ་ལོ་ཐང་དང་པོ་དང་། གློག་རྡུལ་དཀར་པང་གི་མ་ལག་དང་པོ། ཚན་རྩལ་གསར་གཏོད་ཀྱི་ཚོད་ལྟ་ཁང་དང་པོ་སོགས་སྒྲིག་ཆས་གསར་རྐྱང་རེ་རེ་བཞིན་སློབ་གྲྭར་དོན་འཁྱོལ་བྱས་ཡོད། འགྱུར་ལྡོག་གི་དཔང་པོ་བྱེད་མཁན་བྱམས་པ་སྲི་གཅོད་ཀྱིས“ཁ་གཏད་བོད་སྐྱོར་བྱས་པས་ང་ཚོར་ཡང་སློབ་གསོའི་མཐུན་རྐྱེན་བཟང་པོ་འདི་འདྲ་བྱུང”ཞེས་དགའ་ཚོར་ཆེན་པོས་བརྗོད།

    མཁྲེགས་ཆས་ལེགས་སུ་བཏང་བ་ཕུད་བོད་སྐྱོར་ལས་བྱེད་པས་ད་དུང་སློབ་གསོའི་འདུ་ཤེས་གསར་པ་མང་པོ་ཡང་ཁྱབ་གདལ་བཏང་ཡོད། བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་མིན་ཧང་སློབ་འབྲིང་གི་སློབ་སྤྱི་ལི་ཁྲུན་གྱིས་དགེ་སློབ་ཚོའི་སྣེ་ཁྲིད་ནས་སློབ་གྲྭར་ཚོད་ལྟའི་ཞིང་ཁ་ཞིག་གསར་སྦོལ་བྱས་ཏེ་ཕྲུ་གུ་ཚོ་འདེབས་འཛུགས་ནང་ཞུགས་སུ་བཅུག་གི་ཡོད། ལི་ཁྲུན་གྱིས་སློབ་གྲྭའི་དགེ་རྒན་ཚོར“ཕྲུ་གུ་ཚོ་ངལ་རྩོལ་ནང་ཞུགས་ཚེ་རང་བྱུང་ཁམས་ཐད་ཀར་ངོས་འཛིན་བྱེད་ཐུབ”ཅེས་བཤད།

    གླིང་ཁུལ་ཞིག་གི་འཕེལ་རྒྱས།

    “མི་དེ་བས་མང་བ་དེང་རབས་ཞིང་ལས་ནང་ཞུགས་ནས་ཡུལ་འདི་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ‘གཞན་རྟེན’ནས‘རང་རྟེན’དུ་འགྱུར་བར་བྱས་པ།

    ལོ་10ཡི་གོང་ད་ལྟའི་རོང་ས་དམར་པོ་དེང་རབས་ཞིང་ལས་གླིང་ཁུལ་ནི་རྫོང་གྲོང་ཉེ་འཁོར་གྱི་ས་རྒོད་ཅིག་རེད།

    སྐབས་དེ་དུས་རྒྱལ་རྩེ་རྫོང་གིས་དེ་གར་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་ཞིག་བསྐྲུན་ནས་ལས་བྱེད་པ་ཁག་གཅིག་སྐོང་འཐེན་བྱ་རྒྱུའི་འཆར་གཞི་བཟོས། འཛུགས་སྐྲུན་ལས་དོན་གྱི་གཙོ་སྐྱོང་མཁན་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་སྐབས་དེ་དུས་ཀྱི་རྒྱུན་ལས་རྫོང་དཔོན་གཞོན་པ་ཅང་ཀྲེན་ཡུས་ཡིན་པ་ཤེས་སྐབས་རྒྱལ་རྩེ་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་དང་ཆ་འཕྲིན་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བློ་བརྟན་གྱི་བློ་རྩ་སྔར་བས་བརྟན་དུ་ཕྱིན་ཡོད།

    2013ལོའི་ཟླ་8པར་ཧྲང་ཧའེ་ཕུའུ་ཏུང་ཞིང་ལས་འཕེལ་རྒྱས་ཚོགས་པའི་ཆེད་ལས་ཚོགས་པ་རྒྱལ་རྩེར་བརྟག་ཞིབ་ལ་སླེབས། ཞིབ་འཇུག་དང་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད། ཚོགས་པས་མཐར་ས་མཐོའི་ཁྱད་ཆོས་ལྡན་པའི་ལེགས་ཆའི་ཞིང་ལས་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་གཏན་འཁེལ་བྱས་ཏེ“ཞིབ་སྤེལ་དང་གཉེར་ཚོང་ཧྲང་ཧའེ་རུ་བྱེད་པ་དང་ཐོན་སྐྱེད་ལྷུ་ཚིགས་རྒྱལ་རྩེར་བྱེད་པའི”འཚོལ་ཞིབ་བྱས་ཡོད། བློ་བརྟན་གྱི་ངོས་ནས་བརྗོད་ན། བྱེད་སྟངས་དེ་རིགས་ཀྱིས་རྒྱུན་མཐུད་འབད་འཐབ་བྱེད་པའི་འདུན་པ་མཚོན་གྱི་ཡོད། ཁོང་གིས་ལོ་ངོ་དེ་དག་རིང་ཞིང་ལས་ཐོན་རྫས་ཧྲང་ཧའེ་དང་རྒྱལ་རྩེར་ཡང་ནས་ཡང་དུ་ཁྱབ་གདལ་གཏོང་བར་སྐྱོད་ཚུལ་ངེས་ཀྱི་ཡོད།

    རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་རིང་། བློ་བརྟན་ལ་ཐབས་ལམ་ཞིག་རིམ་བཞིན་རྙེད་པ་སྟེ། འདེབས་འཛུགས་བྱས་པའི་སྔོ་ཚལ་དང་ཤིང་ཏོག་གཙོ་བོ་ཡུལ་དེ་གར་མཁོ་སྤྲོད་བྱེད་པ་དང་། ཉར་ཚགས་བྱེད་བདེ་ལ་ཟུར་སྣོན་རིན་ཐང་དེ་བས་ཆེ་བའི་ཐོན་རྫས་གཙོ་བོ་ཁག་གཅིག་ཡུལ་ཕྱོགས་གཞན་གྱི་ཁྲོམ་རར་མཁོ་འདོན་བྱེད་པ་དེ་རེད།

    “དུས་དེ་ནས་བཟུང་རྫོང་གི་ལས་བྱེད་པས་གཉེར་སྐྱོང་ལས་དོན་དེ་བས་མང་བ་ཡུལ་འདི་གའི་མང་ཚོགས་ལ་རིམ་བཞིན་རྩིས་སྤྲད་ནས་ཁོང་ཚོ་འཚར་ལོངས་ཡོང་བར་རོགས་རམ་བྱེད་ཀྱི་ཡོད”ཅེས་ནོར་ལྡན་གྱིས་བཤད།

    ད་ཆ་རྒྱལ་རྩེའི་ཞིང་ལས་གཉེར་སྐྱོང་པ་མང་པོ་ཞིག་ནི་རོང་ས་དམར་པོའི“སློབ་ཐོན་སློབ་མ”ཤ་སྟག་རེད། ཁོང་ཚོས་དེ་ནས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་ཞིང་ལས་འདུ་ཤེས་སློབ་སྦྱོང་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་སྐབས་དེ་དུས་ཀྱི་རྒྱལ་རྩེ་རྫོང་གི་རྫོང་དཔོན་གཞོན་པ་དབང་ཧྥང་གིས“ང་ཚོས་རོང་ས་དམར་པོའི་ཞིང་ལས་གླིང་ཁུལ་བརྒྱུད་མི་དེ་བས་མང་བ་དེང་རབས་ཞིང་ལས་ནང་ཞུགས་སུ་བཅུག་སྟེ་ཡུལ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས‘གཞན་རྟེན’ནས‘རང་རྟེན’དུ་འགྱུར་བར་བྱས་པ་ཡིན”ཞེས་བཤད། ད་ཆ་རོང་ས་དམར་པོར་མེ་ཏོག་སོས་པ་སོགས་ཐོན་ལས་གསར་པའི་ལས་རྣམ་ནང་འདྲེན་བྱས་ནས་ཞིང་ལས་ཐོན་རྫས་འདེབས་འཛུགས་ཕུད་མང་ཚོགས་ལ་འབབ་འཕར་ཡོང་བར་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད།

    རོང་ས་དམར་པོའི་འཕེལ་རྒྱས་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པས་རྒྱལ་རྩེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པའི་མཚོན་ཚུལ་ཞིག་རེད། ད་ཆ་ཐོན་ལས“གསར་པ”དེ་བས་མང་བ་དེ་གར་རྩ་བ་ཚུགས་ཡོད།

    དཔལ་འབྱོར་ལྷུན་པོ་གྲོང་ཚོར་གྲོང་མི་བསྟན་འཛིན་གྱིས་གྱང་ངོས་ལ་ཚོན་རྩི་བྱུག་བཞིན་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པས་ས་གནས་དེ་གའི་གྲོང་མིར་སྣམ་བུ་འཐག་ཁང་འཛུགས་རོགས་བྱས་པ་དང་ཡུལ་དེ་གར་ཟུར་སྣོན་རིན་ཐང་མཐོ་བའི་ནས་ཀྱི་ཐོན་རྫས་ཁག་གཅིག་ཐོན་སྐྱེད་བྱེད་པར་སྐུལ་ཁྲིད་བྱས་པ་མ་ཟད། ཁོང་ཚོར་ཁྲོམ་ར་གསར་འབྱེད་བྱེད་རོགས་ཀྱང་བྱས་པ་རེད། གྲོང་ཚོར་ཧྲང་ཧའེ་བོད་སྐྱོར་ལས་དོན་རུ་ཁག་གིས་ད་ལོ་རྒྱལ་རྩེ་རྫོང་ཁུ་ལུའི་ཐོན་ལས་རྟེན་གཞིར་བསྐྲུན་ནས་སྣམ་བུའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཐུན་མོང་ཐོག་བསྐྲུན་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད་པ་དེར་ཁུ་ལུའི་སྤུས་ཚད་ཚོད་འཛིན་དང་། ཚི་སྣའི་འདུས་ཚད་ཞིབ་དཔྱད། ཐོན་ལས་བཟོ་པ་གསོ་སྦྱོང་། མངགས་ཐོ་སྤྱི་འདོམས་ངང་བསྐུར་བ་སོགས་ཀྱི་ནུས་པ་སྣ་ཚོགས་ལྡན་ཡོད་པ་རེད།

    “འབྱུང་འགྱུར་ང་ཚོས་གཞིས་རྩེར་ཁུ་ལུའི་སྣམ་བུ་རྩེ་གྲའི་ཐོན་ལས་འཁོར་འབྲེལ་ཞིག་བཏོད་ནས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཧྥ་ཝུའེ་ཡིས་བཤད།

    བརྩེ་སེམས་ཤིག་གི་རྒྱུན་མཐུད།

    “མང་ཚོགས་ཀྱིས་ཁས་ལེན་པ་ནི་ང་ཚོའི་གྲུབ་འབྲས་ཆེ་ཤོས་ཡིན”

    ལོ་མང་འདས་ཀྱང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་སྐབས་དེ་དུས་ཀྱི་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཧོའུ་ཁུན་གྱིས་སྤྱི་ལེ་100ལྷག་ཙམ་བརྒལ་ནས་ཆུ་ཚོད་གཉིས་ལྷག་ཙམ་ནད་བཅོས་སྲོག་སྐྱོབ་བྱས་པའི་གནས་ཚུལ་དེ་ད་ལྟ་ཡང་གསལ་པོར་ངེས་ཀྱི་ཡོད།

    2017ལོའི་དབྱར་དུས་ཀྱི་མཚན་དགུང་ཞིག་ལ། ཧོའུ་ཁུན་ལ“སྦྲུམ་མ་ཞིག་ཕྲུ་གུ་སྐྱེས་རྗེས་ཁྲག་མང་པོ་དོན་པས་རྒྱལ་རྩེའི་སྨན་ཁང་དུ་འཕྲལ་མར་སྒྱུར་དགོས”ཞེས་པའི་ཁ་པར་ཞིག་འབྱོར། སྨན་ཁང་སྒྱུར་བའི་ལམ་བར་དུ་རླངས་འཁོར་ནང་མཉམ་དུ་ཡོད་པའི་སྨན་པ་ཞིག་ཀྱང་གློ་བུར་དུ་བྲང་ཁ་བརྡམས་ནས་སྲོག་སྐྱོབ་སྨན་བཅོས་བྱེད་དགོས་བྱུང་ཡོད།

    ཧོའུ་ཁུན་གྱིས་ཕྱོགས་གཅིག་ནས་སྨན་པ་བཀོད་སྒྲིག་བྱས་ནས་མྱུར་སྐྱོབ་རླངས་འཁོར་ལ་བསྡད་དེ་སྦྲུམ་མ་བསུ་བར་བཏང་བ་དང་ཕྱོགས་གཞན་ཞིག་ནས་སྨན་ཁང་དུ་མྱུར་སྐྱོབ་ཀྱི་གྲ་སྒྲིག་ཨང་བསར་བྱས། སྦྲུམ་མ་རྒྱལ་རྩེར་འབྱོར་རྗེས་ཧོའུ་ཁུན་གྱིས་སྐྱོབ་བཅོས་བྱས་པ་དང་དུས་མཚུངས་རླངས་འཁོར་ནང་མཉམ་དུ་ཡོང་མཁན་སྨན་པ་དེ་ལ་ཡང་སྨན་བཅོས་བྱས། ཁོང་གཉིས་པོའི་ནད་གཞི་བརྟན་པོ་བྱུང་རྗེས། ཚང་མ་གཞི་ནས་བློ་བདེ་་བྱུང་བ་དང་། སྐབས་དེ་དུས་ནམ་ཕྱེད་ཟིན་ཡོད།

    ཧོའུ་ཁུན་གྱིས“རྒྱལ་རྩེ་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བས། ང་ཚོའི་རྫོང་སྨན་ཁང་གིས་མང་ཚོགས་ཀྱི་བདེ་ཐང་ཡག་པོ་སྲུང་དགོས། བློས་གཏོང་མང་ཙམ་བྱེད་དགོས་བྱུང་ཡང་མང་ཚོགས་ཀྱིས་ཁས་ལེན་པ་ནི་ང་ཚོའི་གྲུབ་འབྲས་ཆེ་ཤོས་རེད”ཅེས་བཤད། 2014ལོའི་ཟླ་དང་པོར་ཕུའུ་ཏུང་ཁུལ་གསར་མི་དམངས་སྨན་ཁང་དང་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་དབར་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་བཞག་ནས་ཆ་སྒྲིག་རོགས་སྐྱོར་དང་མཉམ་ལས་མཉམ་སྐྲུན་བྱེད་འགོ་ཚུགས་པ་རེད། ལོ་10ཡི་རིང་ཕུའུ་ཏུང་འཕྲོད་བསྟེན་ཁོངས་གཏོགས་ཀྱིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་8(ཁྱོན་མི་ཐེངས་32)དང་དུས་ཐུང་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པ་ཁྱོན་མི་ཐེངས་45བཏང་བ་དང་། རྒྱལ་རྩེ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཟབ་སྦྱོང་མི་སྣ་ཁྱོན་མི་ཐེངས་87ལ་ཟབ་སྦྱོང་བྱས་པ་རེད།

    བོད་སྐྱོར་ལས་བྱེད་པ་ཝུའུ་ཀྲི་གཡོད་ཀྱིས་བོད་དུ་ལོག་ནས་ལས་གཏོད་བྱེད་པའི་གདམ་ག་བྱས་པ་རེད། 2015ལོར་ཝུའུ་ཀྲི་གཡོད་ཀྱིས་ལས་གཏོད་བྱེད་འགོ་ཚུགས་ནས་རྒྱལ་རྩེར་ཞིང་ལས་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་བྱེད་ཀྱི་ཡོད། བོད་སྐྱོར་བྱེད་སྐབས་ཝུའུ་ཀྲི་གཡོད་རྟག་ཏུ་གྲོང་མིའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་འགྲོ་གི་ཡོད་ཅིང་། མང་ཚོགས་ཀྱིས་སེམས་རྩ་འཁོལ་པོས་ཁོང་ལ་སྣེ་ལེན་ཞུ་བ་དང་ཞིང་ལས་འདེབས་འཛུགས་ལ་བརྩེ་བ་ལྷད་མེད་བཅངས་པ་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ལས་འགན་འཁུར་རིང་ལས་དོན་མང་པོ་བསྒྲུབས་ཡོད་མོད། འོན་ཀྱང་ཧྲང་ཧའེ་རུ་ལོག་སྐབས“བོད་ནས་ཁ་བྲལ་དུས་ངས་འདི་གར་ཅི་ཞིག་འཇོག་ཐུབ་བམ”ཞེས་པའི་གནད་དོན་འདི་དྲན་ཐེངས་རེར་ཝུའུ་ཀྲི་གཡོད་ཀྱིས་རང་ཉིད་ཀྱིས་བསྒྲུབས་པ་ད་དུང་མི་འདང་བའི་སྣང་བ་ཡོང་གི་ཡོད། ད་ཆ་ཁོང་གིས་གཉེར་བའི་ཀུང་སིས་ལོ་ལྟར་རྒྱལ་རྩེ་ནས་འབྲུ་ཉོས་ཏེ་ལས་སྣོན་བྱས་ནས་ཡུལ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་ཀྱི་ཡོད།

    “བོད་སྐྱོར་བྱས་ནས་ལོ་ངོ་30སོང་རིང་རྒྱལ་རྩེར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད”ཅེས་ཧྲང་ཧའེ་ཡི་སྐོར་གླེང་སྐབས་ཟླ་བར་སྐད་ཆ་མང་པོ་ཤོད་རྒྱུ་ཡོད། རྒྱལ་རྩེ་མིན་ཧང་སློབ་འབྲིང་བརྒྱུད་ནས་འགྲོ་སྐབས་ཟླ་བར་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། ལོ་གསུམ་གོང་ཟླ་བའི་ཚ་མོ་ཟླ་བ་གཡུང་མཚོ་སློབ་གྲྭ་དེ་ནས་ཐོན་ནས་མུ་མཐུད་སློབ་གཉེར་གྱི་ལམ་བུ་འགྲིམས་པ་དང་། ཟླ་བའི་བུ་བཀྲ་རྒྱལ་ནི་སློབ་གྲྭ་དེར་དགེ་རྒན་བྱེད་བཞིན་སློབ་མ་ཁག་ཐེངས་རེ་རེའི་སློབ་སྦྱོང་དང་འཚར་ལོངས་ལ་དཔང་པོ་བྱེད་བཞིན་ཡོད།

    ལོ་ངོ་30རིང་གི་གཏམ་རྒྱུད་འདིའི་རྒྱུན་སྔར་བཞིན་མཐུད་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།