དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐར་ལྔའི་དར་དམར་གངས་ལྗོངས་ཀྱི་མཐའ་མཚམས་སུ་ལྷབ་ལྷུབ་གཡོ།

    རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-01

    འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡིན་པ།

    རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོང་། རྒྱལ་མཚམས་ལྷིང་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་བདེ་འཇགས་ཡོང་ག་ལ་སྲིད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞེས་བཏོན་ཡོད། བོད་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་མཐའ་མཚམས་ལམ་ཐིག་རིང་པོ་ཡོད་པས་ས་སྲུང་མཐའ་བརྟན་གྱི་ལས་འགན་གཟི་བརྗིད་ལྡན་ལ་ལྕི་པོའང་ཡོད།

    ལོ་མང་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་ལྟར། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་པ་དང་། འགོག་སྲུང་མཐའ་བརྟན་དང་རྩ་སྲ་མཐའ་བརྟན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།

    གསར་བརྗེའི་སྙིང་སྟོབས་ནས་འོད་སྟོང་རབ་ཏུ་འཕྲོ་བ།

    ཟླ་8པར་མེ་ལྟར་ཚ་བའི་ཉི་འོད་འོག་མྱང་ཆུ་གཙང་པོའི་ངོགས་སུ་བཙུགས་པའི“རྒྱལ་རྩེའི་རྫོང་རི་དཔའ་བོའི་དྲན་གསོའི་རྡོ་རིང”ནས་འོད་མདངས་ཆེམ་ཆེམ་དུ་འཕྲོ།

    “1904ལོའི་ཟླ་7ཚེས་5ཉིན། དབྱིན་ཇིའི་དམག་གིས་རྒྱལ་རྩེར་ཕྱོགས་ཡོངས་ནས་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། དབྱིན་ཇིའི་དམག་གི་མེ་སྒྱོགས་དང་མེ་མདའ་སྦག་སྦག་གི་མདུན་དུ་དཔའ་ངར་ཆེ་བའི་སྔོན་གཤེགས་དཔའ་བོ་སྟོང་གིས་རྫོང་རི་ནས་རྡོ་རིལ་དང་། མདུང་རིང་། བོད་མདའ་སོགས་ལ་བརྟེན་ནས་དབྱིན་ཇིའི་དམག་དང་འཐབ་རྩོད་དྲག་པོ་བྱས་ཡོད”ཅེས་རྒྱལ་རྩེ་དབྱིན་འགོག་དྲན་གསོ་ཁང་དུ་རྒྱལ་རྩེ་རིག་གནས་ཡུལ་སྐོར་ཅུས་ཀྱི་འགྲེལ་བཤད་པ་ཕུར་བུ་ཚེ་རིང་གིས་ལྟ་སྐོར་དུ་ཡོང་བའི་མི་རྣམས་ལ་རྒྱལ་རྩེའི་དབྱིན་འགོག་འཐབ་རྩོད་ཁྲོད་ཀྱི་དཔའ་ངར་ཞུམ་མེད་ཀྱི་མཛད་རྗེས་ངོ་སྤྲོད་བྱས།

    རྒྱལ་རྩེའི་དབྱིན་འགོག་འཐབ་རྩོད་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱས་པའི་ལོ་རྒྱུས་མཚོན་ཚུལ་གསོན་ཉམས་དོད་པོས་མངོན་གྱི་ཡོད། རྒྱལ་རྩེའི་དབྱིན་འགོག་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་གྲུབ་ཆར་གྱུར་ཡོད། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བུ་ཕྲུག་ཚོའི་སེམས་སུ་བརྟན་པོར་འཇགས་ཡོད”ཅེས་ཕུར་བུ་ཚེ་རིང་གིས་བཤད།

    “ད་ལོ་ནི་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་120འཁོར་བའི་ལོ་ཞིག་རེད། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལོ་120ཡི་གོང་དུ་བོད་ཀྱི་དམག་དམངས་ཀྱིས་དམར་འཛིང་དྲག་པོ་བྱས་ཏེ། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འགོག་རྒོལ་གྱིས་ཁྱིམ་སྐྱོང་རྒྱལ་སྲུང་གི་དཔའ་ངར་ཆེ་བའི་མཛད་རྗེས་ལ་བརྩེ་སེམས་ཟབ་མོས་དྲན་གསོ་ཞུས་པ་དང་། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཟི་བརྗིད་སྲོལ་རྒྱུན་དང་བླ་ན་མེད་པའི་ལས་འགན་ལག་ལེན་གཏིང་ཟབ་བསྟར་ཏེ། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩི་ཤིང་དང་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད།

    ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་འཆང་མཁན་ཕྱི་རོལ་ཕྱོགས་གཏོགས་ཀྱི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཏེ། བོད་འདི་ཉིད་དར་རྒྱས་དང་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་གཏོད་འགོ་བཙུགས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཡར་ལངས་ཕྱུག་འགྱུར་དང་སྟོབས་ཆེན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱས་ཡོད།

    ཐོན་ལས་དར་རྒྱས་དང་མི་དམངས་བདེ་སྐྱིད་བྱུང་བ།

    རྩྭ་མདའ་རྫོང་གི་རྒྱལ་ལམ་565བརྒྱུད་མདུན་དུ་སྐྱོད་སྐབས་བྲུ་རོང་སྣ་ཚོགས་མིག་ལམ་དུ་འཆར་འོང་།

    བྲུ་རོང་དང་ཐག་མི་རིང་བའི་སར་ཡོད་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་འགྱིང་ངེར་གནས་ཤིང་། ས་ངོས་ནས་རི་རྩེ་བར་བང་རིམ་ཆགས་པའི་གནའ་ཤུལ་འཛུགས་སྐྲུན་འདི་ཉིད་མཁས་དབང་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡུལ་དུ་གྱུར་ཡོད།

    “ང་ཚོའི་རྩྭ་ཕུ་རི་གྲོང་ཚོའི་ས་བབ་ཆགས་སྟངས་ལེགས་པོ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་པ་དང་། བོད་བཟོའི་ཐོག་ཁང་ཆུང་ཆུང་དང་ཁོད་སྙོམས་ཤིང་གཙང་སྦྲ་དོད་པའི་འགྲོ་ལམ་བསྐྲུན་ཡོད། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལོ་རེ་བཞིན་ལེགས་སུ་ཕྱིན་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་གྲོང་ཚོར་ཞག་སྡོད་བྱེད་པར་ཡོང་གི་འདུག”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་སྟོབས་རྒྱས་ཀྱིས་ངོ་སྤྲོད་བྱེད་ཀྱིན་བདེ་སྐྱིད་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་གི་སྒོ་ཕྱེ་བ་རེད།

    སྒོ་རའི་ནང་སྨི་ངོས་གྲུ་བརྒྱ་ལྷག་ཙམ་ཟིན་པའི་ཤེལ་ཁང་ཞིག་བརྒྱབ་པའི་ནང་སྐྱེ་འཚར་བཟང་བའི་མེ་ཏོག་དང་ཤིང་སྡོང་སྣ་ཁ་བཅུ་ལྷག་ཙམ་སྔོ་ཐིང་ངེར་གནས། “ངའི་ནང་ལ་འགྲུལ་ཁང་ཁང་མིག་7ཡོད་པར་མགྲོན་པོ་40ལྷག་ཙམ་ཤོང་གི་ཡོད”ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་བདེ་སྐྱིད་ཀྱིས་དེ་སྔོན་རྩྭ་ཕུ་རི་གྲོང་ཚོའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། ཐ་ན་ཡུལ་མི་ཁ་ཤས་ཀྱིས་གུ་གེ་རྒྱལ་རབས་གནའ་ཤུལ་འོག་གི་བྲག་ཕུག་ནང་འཚོ་སྡོད་བྱེད་ཀྱི་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྲིད་གཞུང་གིས་ཚང་མར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་དགོས་པའི་འབོད་སྐུལ་བྱས་པས་རྩྭ་ཕུ་རི་གྲོང་ཚོ་ཡང་ཡུལ་སྐོར་གྲོང་ཚོ་གསར་པར་གྱུར་ཡོད་ཅེས་བཤད།

    “ང་ཚོའི་གྲོང་ཚོར་དུད་ཚང་36ཡོད་པའི་ནང་དུད་ཚང་32ལ་ཁྱིམ་ཚང་མགྲོན་ཁང་ཡོད་པ་དང་གྲོང་ཚོ་ཡོངས་ལ་ཉལ་ཁྲི་700ལྷག་ཙམ་ཡོད། ན་ནིང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཁོ་ན་ནས་ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.6བྱུང་སོང”ཞེས་ཚེ་རིང་སྟོབས་རྒྱས་ཀྱིས་ཁ་གསབ་བྱེད་བཞིན་བཤད།

    རྩྭ་ཕུ་རི་གྲོང་ཚོའི་འགྱུར་ལྡོག་ནི་ཡོངས་ཁྱབ་ཏུ་གནས་པའི་སྣང་ཚུལ་ཞིག་རེད།

    “མཐའ་མཚམས་ས་ཁུལ་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སེམས་ཁྲལ་སེལ་རོགས་བྱེད་དགོས”རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་། ཁ་ཕྱོགས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་འགག་གནད་སྒྲོལ་སར་བྱས་ནས་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་དང་མཐའ་མཚམས་དར་རྒྱས། མཐའ་མཚམས་གསར་སྤེལ། མི་རིགས་མཐུན་སྒྲིལ་ཡོང་བར་སྟོབས་ཤུགས་གཅིག་སྒྲིལ། མཐའ་སྲུང་མཐའ་བརྟན་བཅས་ཀྱི་འདུ་འགོད་ལག་བསྟར་བྱེད་མགྱོགས་སུ་དང་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་མགྱོགས་སུ་བཏང་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་མང་ཚོགས་དེ་བས་མང་པོར་ཕན་པ་ཐོབ་པར་བྱས་ཡོད།

    རྒྱལ་གཅེས་མཐའ་སྲུང་མི་སེམས་སུ་གཏིང་ཟབ་ཟུག་པ།

    ཆུ་ཕྲན་ཤང་ཤང་དུ་རྒྱུག་པ་དང་སྔོ་ལྗང་གཡུ་ལོ་རྒྱས་པའི་གནས་འདི་ནི་མཚོ་སྣ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་ལེགས་པོ་རོང་ཡིན་ཞིང་། 1962ལོར་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ཀྱི་གཡུལ་ས་གཙོ་བོ་ཡིན་པ་དང་། དེ་སྔའི་དམག་དཔོན་ཀྲང་གོ་ཧྭ་ཡི་གཡུལ་སའི་བཀོད་འདོམས་པུའི་གནས་ས་རྙིང་པ་འདི་གར་ཡོད།

    “ང་རང་ཆུང་དུས་ནས་པ་ཕ་དང་མཉམ་དུ་མཐའ་མཚམས་སུ་སྐོར་གཡེང་བྱེད་པར་འགྲོ་ཡི་ཡོད། མེས་རྒྱལ་གྱི་ས་ཆ་ཚང་མར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོ་མཐའ་མཚམས་མང་ཚོགས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན”གཟུགས་སྟོབས་ཆེ་ལ་སྐྲ་ལོ་སྐྱ་བོར་གྱུར་པའི་སྐལ་བཟང་བསྟན་འཛིན་གྱིས་སྐོར་གཡེང་རུ་མི་མང་པོའི་སྣེ་ཁྲིད་དེ་མཐའ་མཚམས་སུ་སྐོར་གཡེང་གི་ལས་ལ་བརྩོན་བཞིན་པ་དང་སྐོར་གཡེང་གི་ལས་ལ་ཞུགས་ནས་ད་བར་ལོ་40ལྷག་ཙམ་སོང་ཡོད།

    1962ལོར་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་བྱེད་སྐབས་སྐལ་བཟང་བསྟན་འཛིན་གྱི་པ་ཕ་དང་ས་གནས་དེ་གའི་ས་ཆར་རྒྱུས་མངའ་ཡོད་པའི་གཞོན་ནུ་གཞན་དག་དགུ་ཡིས་རང་འགུལ་ངང་བཅིངས་འགྲོལ་དམག་མིའི་ལམ་སྣེ་ཁྲིད་ཅིང་། ཁོང་ཚོས་དམག་དཔུང་གི་ལམ་སྣེ་ཁྲིད་པ་དང་། དངོས་ཟོག་སྐྱེལ་རོགས་དང་གསང་འཕྲིན་བསྡུ་རུབ་བྱས་ཡོད།

    “རྐང་འོག་གི་ས་ཆ་ནི་འཐབ་འཛིང་པ་ཚོས་ཁྲག་དྲོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་སྐལ་བཟང་བསྟན་འཛིན་གྱིས་སྤོབས་པ་ཆེན་པོས་བཤད།

    མི་དམངས་མང་ཚོགས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ནི་ལྷད་མེད་དྭངས་གཙང་ཞིག་ཡིན་ཞིང་། གངས་ལྗོངས་ས་མཐོར་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་སྔ་ས་ནས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། “སྐལ་བཟང་བསྟན་འཛིན”དང་འདྲ་བའི་མི་མང་པོས་སྐད་གྲགས་མེད་པར་མཐའ་མཚམས་སྐོར་གཡེང་གི་ལས་ལ་བརྩོན་བཞིན་མེས་རྒྱལ་གྱི་མངའ་ཁོངས་ས་ཆར་སྲུང་སྐྱོང་བྱེད་བཞིན་མཆིས།

    ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྒྲོལ་དཀར་དང་གཡང་འཛོམས་ནང་མི་གསུམ་གྱིས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བའི་མི་སེམས་འགུལ་བའི་བྱས་རྗེས་ལས་མི་ཚང་མར་བག་ཆགས་ཟབ་མོ་བྱུང་ཡོད། “ད་ཆ་ང་ཚོས་མཐའ་སྲུང་དང་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་དེ་རྒྱུན་གཏན་གྱི་ལས་ཀར་གྱུར་ནས་ཡུལ་སྨད་ཀྱི་རྒྱལ་གཅེས་མཐའ་སྲུང་དཔུང་ཁག་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་སྐལ་བཟང་མེ་ཏོག་བཞིན་ས་ཆ་དེར་རྩ་བ་ཚུགས་ཡོད”ཅེས་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་བཤད།

    བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་སྟེ། ཏང་ལ་ལྷག་བསམ་རྣམ་དག་དང་མེས་རྒྱལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཆ་ཚང་དང་ས་མཚམས་རྡོ་རིང་རེ་རེར་ཁྱབ་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།