ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
རྒྱལ་ཁབ་གཞན་དག་གིས་ཀྲུང་གོ་དང་འདྲ་བར་ཨ་ཧྥེ་རི་ཁར་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན།
ཚེས་28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཨ་ཧྥེ་རི་ཁ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་དག་གིས་ཀྲུང་གོ་དང་འདྲ་བར་ཨ་ཧྥེ་རི་ཁར་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་ཨ་ཧྥེ་རི་ཁ་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཨ་ཧྥེ་རི་ཁའི་མི་དམངས་ལ་ཐུན་མོང་ཐོག་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་པར། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའི་རྒྱལ་གཞན་ཀྲུའུ་རེན་གཞོན་པ་ཟུར་པ་ཁེན་ནི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་ལའེ་ཏེས་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་དང་མཉམ་ལས་བྱེད་སྐབས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་མི་དགོས་པར། ཨ་ཧྥེ་རི་ཁའི་དགོས་མཁོར་གཞིགས་ནས་བྱེད་པ་ནི་ཧྥེ་ཀྲུང་མཉམ་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡིན། དེ་ལས་ནུབ་ཕྱོགས་རྒྱལ་ཁབ་སོགས་ས་ཁོངས་ཕྱི་རོལ་གྱི་མཉམ་ལས་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་དགོས་མཁོར་བསམ་གཞིག་སྔར་བས་མང་པོ་བྱས་ཏེ། ཨ་ཧྥེ་རི་ཁ་དང་འདྲ་མཉམ་གྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཨ་རིའི《རྒྱལ་ཁབ་ཀྱི་ཁེ་ཕན》དུས་དེབ་ཐོག་རྩོམ་ཡིག་སྤེལ་བའི་ནང་ཀྲུང་གོས་ཨ་ཧྥེ་རི་ཁ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྤྱི་པའི་ཐོན་རྫས་འབོར་ཆེན་མཁོ་འདོན་བྱས་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་བློ་ཡིད་འགུགས་ཐབས་བྱེད་བཞིན་ཡོད་ཅེས་འཁོད། མགྲིན་ཚབ་པས་འདིའི་ཐད་བརྡ་ལན་གང་ཞིག་སློག་རྩིས་ཡོད་དམ།
ལིན་ཅན་གྱིས། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་འཛིན་པ་དང་། འགོ་འཛུགས་ས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྥེ་ཕྱོགས་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡིན་པ། གཙོ་རྐང་ནི་ཐོག་མཐའ་བར་གསུམ་དུ་ཟོལ་མེད་འདྲ་མཉམ་དང་། གཉིས་ཕན་མཉམ་ཁེ། དྲང་པོ་དྲང་བཞག སྒོ་དབྱེ་ཁོང་ཡངས་བཅས་ཡིན་པ། དེ་བཞིན་ཀྲུང་གོའི་འཕེལ་རྒྱས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད་ཅེས་བརྗོད་པ་རེད།
“ང་ཚོས་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ལྷག་བསམ་རྣམ་དག་བྱེད་པ་ལས་སྒེར་སེམས་དང་དམིགས་ཡུལ་གཞན་གང་ཡང་མེད་པ་དང་། ཏན་ཏན་ཏིག་ཏིག་གིས་དངོས་འཛིན་དངོས་སྒྲུབ་བྱེད་པ་ལས་གཞན་ཕམ་རང་རྒྱལ་གྱི་རྒྱལ་ཕམ་རོལ་རྩེད་རྩེ་ཡི་མེད། ལྷག་བསམ་ཟོལ་མེད་དང་ཁ་བཤད་ལག་ལེན་བྱེད་པ་ལས་དོན་ཐོག་ཏུ་མ་འཁྱོལ་བའི་ཁས་ལེན་བྱེད་མྱོང་མེད”ཅེས་ལིན་ཅན་གྱིས་བཤད་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་བདེ་རྩ་དང་དགོས་མཁོ་གཞིར་བཟུང་རྒྱུ་མཐའ་འཁྱོངས་ཀྱིས་ཨ་ཧྥེ་རི་ཁར་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ལས། གཞན་ལ་བཙན་འགེལ་གཏན་ནས་བྱེད་མི་སྲིད་ལ་སྒེར་ཕན་དེ་བས་ཀྱང་གཉེར་མི་སྲིད་ཅེས་བརྗོད་པ་རེད།
ཁོང་གིས་ཨ་ཧྥེ་རི་ཁ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་རེད། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རང་བྱུང་ཁོངས་མི་ཡིན་པའི་ཀྲུང་གོས“‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་བློ་ཡིད་འགུགས་རྒྱུ”དོན་གཉེར་གཏན་ནས་མི་བྱེད་པར། ཨ་ཧྥེ་རི་ཁ་སོགས་ཚུད་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རོགས་ཟླར་འཕེལ་རྒྱས་དང་དར་རྒྱས་དངོས་འབྲེལ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོས་ཀྱང་ཨ་ཧྥེ་རི་ཁར་ས་འབྲེལ་ཆབ་སྲིད་ཀྱི་འགྲན་རྩོད་མི་བྱེད་པར། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཨ་ཧྥེ་རི་ཁ་འཕེལ་རྒྱས་ལ་ལེགས་སྐྱེས་ངོ་མ་འབུལ་བ་མཐོང་འདོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།