དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ནུས་རྒྱུ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་པ།

    གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་ཚད་ཆག་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-30

     གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་ནུས་རྒྱུ་འཛད་སྤྱོད་གསར་བརྗེ་དང་། མཁོ་སྤྲོད་གསར་བརྗེ། ལག་རྩལ་གསར་བརྗེ། སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་ནུས་རྒྱུ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ནུས་རྒྱུ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་ཚད་ཆུང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་གྲས་སུ་གྱུར་ཡོད།

    ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། 2013ལོ་ནས་2023ལོའི་བར། རང་རྒྱལ་གྱི་རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་67.4%ནས་55.3%བར་ཆག་པ་དང་། རིམ་རྩིས་བྱས་ན་བརྒྱ་ཆའི་གྲངས་12.1ཆག་ཡོད། རླུང་གློག་དང་། ཉི་གློག ཆུ་གློག ཉིང་རྡུལ་གློག སྐྱེ་དངོས་ནུས་རྒྱུ་སོགས་འགྱུར་རྡོའི་ནུས་རྒྱུ་མིན་པའི་འཛད་སྤྱོད་ཀྱི་བསྡུར་ཚད་10.2%ནས་17.9%བར་མཐོ་རུ་ཕྱིན་ཏེ་རིམ་རྩིས་བྱས་ན་བརྒྱ་ཆའི་གྲངས་7.7མཐོ་རུ་ཕྱིན་ཡོད། 2023ལོར་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཐད་གློག་འདོན་འཕྲུལ་འཁོར་ཨ་མ་གསར་དུ་བསྣན་པ་དེ་གོ་ལ་ཧྲིལ་པོའི་ཕྱེད་ཀ་ལས་བརྒལ་བ་དང་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ཨ་མའི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་40%ཙམ་བཟུང་ཡོད་པ་རེད།

    ནུས་རྒྱུ་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་བྱེད་པའི་ཆུ་ཚད་མཆོང་སྐྱོད་གསར་པ་བྱུང་ཞིང་། 2013ལོ་ནས་2023ལོའི་བར། ཐེངས་གཅིག་གི་ནུས་རྒྱུ་ཐོན་སྐྱེད་ཀྱི་སྤྱི་འབོར་རིམ་རྩིས་བརྒྱབ་ན་35%འཕར་བ་དང་། མ་བཅོས་རྡོ་སོལ་ཐོན་སྐྱེད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་2ཀྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ། གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་དང་རང་བྱུང་སོལ་རླངས་ཐོན་ཚད་ལྡབ་འཕར་བཅས་བྱུང་ཡོད། རླུང་གློག་གི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་7600ལྷག་ཙམ་ནས་ཆན་ཝ་དུང་ཕྱུར་4.4ཡན་བར་འཕར་བ་དང་། འོད་ཤུགས་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1900ལྷག་ཙམ་ནས་ཆན་ཝ་དུང་ཕྱུར་6ཡན་བར་འཕར་ཡོད། “ནུབ་གློག་ཤར་གཏོང”གི་ནུས་པ་ཆན་ཝ་དུང་ཕྱུར་3ལས་བརྒལ་ནས་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་གློག་སྤྱོད་དགོས་མཁོའི་1/5ཙམ་ལ་འདེགས་སྐྱོར་བྱས་ཡོད། སྐྱེལ་འདྲེན་ལམ་ཐག་རིང་བའི་སྣུམ་རླངས་མདོང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་10ལྷག་ཙམ་ནས་སྤྱི་ལེ་ཁྲི་19བར་འཕར་ཡོད། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་500ནས་ཆུ་ཚོད་རེར་ཆན་ཝ་1000ཙམ་བར་འཕར་ཡོད།

    དེ་དང་ཆབས་ཅིག ནུས་རྒྱུའི་རྒྱལ་སྤྱིའི་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་ཞིང་། པར་ཙིར་གྱི་མེ་ལི་རི་བོའི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་གཏོང་ལས་གྲྭ་དང“ཧྭ་ལུང་ཨང་དང་པོ”ཕྱི་རྒྱལ་གྱི་འབྱུང་ཕུང་ཐོག་མ་སོགས་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། མཐའ་འཁོར་གྱི་རྒྱལ་ཁབ་7དང་གློག་ཤུགས་ཕན་ཚུན་སྦྲེལ་མཐུད་ཐུབ་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཀྲུང་གོ་དང་ཨ་རབ་མནའ་འབྲེལ་སོགས་ས་ཁོངས་ཆེན་པོ་དྲུག་གི་ནུས་རྒྱུའི་མཉམ་ལས་ལས་སྟེགས་བསྐྲུན་ནས་ཕན་འབྲས་ཐོན་པ་དང་རང་རྒྱལ་ཡང་ཉིན་རེ་ལས་མ་འདས་པར་གོ་ལ་ཧྲིལ་པོའི་ནུས་རྒྱུ་བཅོས་སྐྱོང་མ་ལག་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།