ཧེ་ལུང་ཅང་གིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱས་པ།
གངས་ལྗོངས་ས་མཐོར་བརྩེ་སེམས་བཅངས། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད།
ཐོན་ལས་རོགས་སྐྱོར་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རོགས་སྐྱོར་འོག་རིན་སྤུངས་རྫོང་ཁང་གཞུང་ཤང་དུ་གཡག་ཐེར་བལ་གྱི་འཁེལ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་བུད་མེད་སྒྲིག་འཛུགས་བྱས་ཏེ། འཁེལ་འཐག་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་བུད་མེད་དེ་བས་མང་བའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཆེད་དུ་རེད། འོན་ཀྱང་གཞི་ཁྱོན་ཆུང་བ་དང་ཐོན་ནུས་ཆེན་པོ་མེད་པ་སོགས་ཀྱི་རྐྱེན་པས་མཉམ་ལས་ཁང་དེ་ད་བར་འཕེལ་རྒྱས་དེ་ཙམ་བྱུང་མེད།
“འཕེལ་རྒྱས་ཀྱི་འཇུར་མིག་གི་དཀའ་གནད་སེལ་རྒྱུ་དེ་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དོན་ཆེན་ཞིག་ཏུ་གྱུར་ཡོད”གཡག་ཐེར་བལ་གྱི་འཁེལ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྣམ་གྲངས་ཀྱི་ཅིང་ལི་ཟླ་བ་ཚེ་རིང་གིས། ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བའི་དུས་སུ་ཧེ་ལུང་ཅང་བོད་སྐྱོར་ལས་དོན་རུ་ཁག་གིས་རིན་སྤུངས་རྫོང་དུ་ཁྱད་ལྡན་ཐོན་ལས་སྐྱོང་གསོ་གླིང་བསྐྲུན་རྒྱུ་ཡིན་པའི་སྐོར་གོ་ཐོས་བྱུང་བས་ཚང་མར་ཐོན་སྐྱེད་ཀྱི་རེ་བས་ཁེངས་སོང་ཞེས་བཤད།
རིན་སྤུངས་རྫོང་གི་ཁྱད་ལྡན་ཐོན་ལས་སྐྱོང་གསོ་གླིང་ནི་ཧེ་ལུང་ཅང་བོད་སྐྱོར་ལས་དོན་རུ་ཁག་གིས་རིན་སྤུངས་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་མ་དངུལ་སྒོར་ཁྲི་2900བཏང་ནས་བསྐྲུན་པའི་ཐོན་ལས་གླིང་ཞིག་ཡིན་པ་དང་། གླིང་ཁུལ་གྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.2ཟིན་ཞིང་། དེར་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་སྣོན་འཁོར་ཁང་དང་། ལས་ཞུགས་གསོ་སྦྱོང་ལྟེ་གནས། ཞག་སྡོད་ཀྱི་ཕྱོགས་བསྡུས་ཐོག་ཁང་སོགས་བསྐྲུན་ཏེ། རུབ་འདུས་ཀྱི་ནུས་འབྲས་ལ་བརྟེན་ནས་རིན་སྤུངས་ཀྱི་ཁྱད་ལྡན་ཐོན་ལས་དངོས་སུ་འཕེལ་རྒྱས་བཏང་ཡོད།
ས་བབ་སྨི་4300ཟིན་པའི་ཁང་དམར་རྫོང་ནི་དཔེ་མཚོན་རང་བཞིན་ལྡན་པའི་ས་མ་འབྲོག་གི་མཐའ་མཚམས་རྫོང་ཞིག་རེད། ཧེ་ལུང་ཅང་བོད་སྐྱོར་ལས་དོན་རུ་ཁག་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་པའི་ཁར། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་བདེ་རྩ་གཙོ་གནད་ཐོག་ཆེ་རུ་བཏང་ཞིང་། བོད་སྐྱོར་མ་དངུལ་བཏང་ནས་གྲང་སའི་གླ་ཚེར་སྡོང་རྐང་ཁྲི་61.618ཉོ་སྒྲུབ་བྱས་པ་དང་རྒྱལ་ཁབ་ཀྱི་ས་ཆ་རྒྱ་ཁྱོན་མུའུ་3000ཡས་མས་སྔོ་འགྱུར་བྱས་པ་བརྒྱུད་སྐྱེ་ཁམས་འགོག་སྲུང་གི་ཕན་འབྲས་ཡུན་རིང་ཐོན་ཡོད། རོང་དམར་ཤང་བཞོན་གྲོང་ཚོའི་དྲོད་ཁང་ཆེན་པོའི་རྣམ་གྲངས་སྒྱུར་བཀོད་རིམ་སྤོར་བྱས་ནས་སེའུ་དང་། ཁམ་བུ། ཀུ་ཤུ་སོགས་ཤིང་ཏོག་སྣ་ཁ་8ནང་འདྲེན་བྱས་ཤིང་། སྔོན་དཔག་བྱས་ན་ལོ་རེའི་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་15ཙམ་ཟིན་རྒྱུ་རེད།
དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།
དམངས་འཚོ་ནི་བདེ་རྩ་ཆེ་ཤོས་ཡིན། ཧེ་ལུང་ཅང་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་བར་དམིགས་ནས་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་གཞིགས་ནས། དོན་འཁྱོལ་ལ་དམ་འཛིན་དང་ཕན་འབྲས་ཐོན་པར་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
ཧེ་ལུང་ཅང་བོད་སྐྱོར་ལས་དོན་རུ་ཁག་གིས་རིམ་རྩིས་བརྒྱབ་ན་དམངས་འཚོ་འགན་ལེན་རིགས་ཀྱི་རྣམ་གྲངས་ཁག་110ལག་བསྟར་བྱས་ཏེ། རོགས་སྐྱོར་བྱ་ཡུལ་གྱི་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ཞིང་། ཁང་དམར་རྫོང་གམ་རུ་ཤང་འཕྲོད་བསྟེན་ཁང་བཙུགས་ནས་ཤང་ཡོངས་ཀྱི་མང་ཚོགས་དང་དེ་བཞིན་མཐའ་སྲུང་མངགས་གཏོང་ཁང་དང་། འཕྲིན་གཏོང་། སྦྲག་སྲིད་སོགས་མངགས་གཏོང་ཚན་པའི་མི་2000ཙམ་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ཡོད། ལོ་མང་བསྟུད་མར“ཧེ་ལུང་ཅང་དང་བོད་ལྗོངས་ཀྱི་བདེ་ཐང་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ནས། རོགས་སྐྱོར་བྱ་ཡུལ་གྱི་ལྷན་སྐྱེས་སྙིང་ནད་དང་མིག་ནད་ཕོག་མཁན་ལ་ཕན་པ་བཏགས་ཤིང་། རིམ་རྩིས་བརྒྱབ་ན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་མི་ཐེངས་ཁྲི་3.31དང་མིག་ནད་ཕོག་པའི་ནད་པ་མི་ཐེངས་3023ལ་གྲལ་བཤེར་བྱས་པ་མ་ཟད། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་243དང་མིག་ནད་ཕོག་པའི་ནད་པ་952ལ་རིན་མེད་གཤགས་བཅོས་བྱས་ཡོད།
གཞན་ཡང་མི་རིགས་ཁག་གི་མང་ཚོགས་ལ་ལས་ཞུགས་ཀྱི་འདུ་ཤེས་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། རྩལ་ནུས་མཐོར་གཏོང་དང་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད། བོད་རིགས་མང་ཚོགས་དེ་བས་མང་བ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། 2024ལོའི་ཟླ་7པའི་ཟླ་མཇུག་བར། ཧེ་ལུང་ཅང་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ཐེམ་ཁུངས་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་གཞུང་ཞབས་པ་དང་བྱ་གཞག་སྒྲིག་ཁོངས་ཀྱི་ལས་གནས་1114དང་ཁེ་ལས་ཀྱི་ལས་གནས་7745མཁོ་འདོན་བྱས་ཡོད།
རིག་གནས་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། དུས་ཡུན་རིང་པོའི་ནང་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཧེ་ལུང་ཅང་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་དང་དཔྱད་གཞིར་འཛིན་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ། བསམ་བློ་སྤེལ་རེས་གཏིང་ཟབ་ཏུ་བཏང་བ། བྱེད་པོ་སྣ་མང་ཞུགས་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། མི་རིགས་དབར་གྱི་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་བ་མ་ཟད། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཧེ་ལུང་ཅང་དང་བོད་ལྗོངས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད།
ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོ་ནས་བཟུང་ཧེ་ལུང་ཅང་ཞིང་ཆེན་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་པ་དང་། ཧེ་ལུང་ཅང་དང་བོད་ལྗོངས་ས་གནས་གཉིས་དབར་རྒྱུན་རྣམ་ཅན་གྱི་རིག་རྩལ་སྤེལ་རེས་མཉམ་ལས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རིང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ཡོད།
བོད་ལ་ཁ་གཏད་རོགས་སྐྱོར་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཧེ་ལུང་ཅང་ཞིང་ཆེན་གྱིས་ལས་ཞུཌ་བོད་སྐྱོར་དང་། ཐོན་ལས་བོད་སྐྱོར། རིག་སྟོབས་བོད་སྐྱོར། དམངས་འཚོའི་བོད་སྐྱོར། རིག་གནས་བོད་སྐྱོར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ“ཧེ་ལུང་ཅང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ། གངས་ལྗོངས་ས་མཐོར་ལྷག་བསམ་དག་པོས་བརྩེ་སེམས་བཅངས”ཞེས་པའི་མཛེས་སྡུག་གི་ལེའུ་གསར་བརྩམས་ཡོད།