ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་བྱས་པ།
ཡན་ཅིན་ཧའེ་དང་ཀུང་ཀྲེང་གིས་མཉམ་ལས་ཟབ་ཏུ་གཏོང་བའི་ལས་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ། ཁྲེན་ཡུང་ཆི་བྱེད་སྒོར་ཞུགས་པ།
ཚེས་26ནས་28ཉིན་བར། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་གཞིས་རྩེ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཀུང་ཀྲེང་དང་ས་གནས་གཉིས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བའི་ལས་དོན་ལ་ཐུན་མོང་ཐོག་གྲོས་མོལ་གནང་ནས་དུས་རབས་གསར་པར་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་ཟླ་བ་ཚེ་རིང་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེན་ཡུས་ཅན་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
ཡན་ཅིན་ཧའེ་དང་ཀུང་ཀྲེང་བཅས་པས་ཧྲང་ཧའེ་ཡི་བོད་སྐྱོར་བོད་སྡོད་ཤེས་ལྡན་ལས་བྱེད་པའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ས་གནས་གཉིས་པོའི་བློ་མཐུན་ཚོས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་བྱེད་མཁན་ལ་རོགས་རམ་བྱས་ནས་མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། དེ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མངོན་ཡོད། འདི་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ་30འཁོར་བའི་ལོ་ཡིན་པས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་འཐུས་མི་ཚོགས་པས་སྨན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་དང་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ཚང་མས། ཧྲང་ཧའེ་ཡི་ཉམས་མྱོང་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་སྣེ་ཁྲིད་སློབ་སྟོན་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ནམ་ཡང་གནས་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་འཐུས་མི་ཚོགས་པས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བའི་གནས་ཚུལ་ནན་ཏན་དྲིས་ཤིང་། ཚང་མས་སློབ་གསོའི་བོད་སྐྱོར་ལ་དོན་སྙིང་གལ་ཆེན་ལྡན་པ་དང་སྤྱོད་གོ་ཆོད་པའི་སློབ་ཁྲིད་བྱེད་ཐབས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། རིག་གནས་ཀྱི་ནུས་པ་འདོན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཀྱི་ཡིན་ཞེས་བརྗོད་པ་རེད།
ལྷ་རྩེ་རྫོང་གྲའུ་ཤང་འཇིགས་སྐྱོབ་གྲོང་ཚོར་འཐུས་མི་ཚོགས་པས་གྲོང་ཚོ་དེའི་ཡུལ་གཞན་དུ་གནས་སྤོ་བྱས་པའི་བརྒྱུད་རིམ་དང་རིག་ལྡན་སྡེ་ཁུལ་བཏོད་པ་སོགས་ཤེས་རྟོགས་བྱས་ཡོད། ས་སྐྱ་རྫོང་བྲག་མཇུག་ཤང་ས་མཐོའི་ཞིང་ལས(ལི་གྲོ)དཔེ་སྟོན་ས་ཚིགས་སུ་འཐུས་མི་ཚོགས་པས་ཁྲོམ་རའི་དགོས་མཁོ་དང་ཐོན་རྫས་གསར་སྤེལ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དྲིས་ཤིང་། ཚང་མས་ཐུན་མོང་ཐོག་ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ་གསུམ་པ་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་སྣོན་པ་དང་རིན་ཐང་འཁོར་འབྲེལ་ལྡབ་འཕར་ཡོང་བར་བྱས་ཏེ་ས་མཐོའི་དཔལ་འབྱོར་གྱི་ལད་མོ་རུང་བའི་མ་དཔེ་གཏོད་ཀྱི་ཡིན་ལ། ཧྲང་ཧའེ་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དེ་ཞིབ་ཕྲའི་རྣམ་གྲངས་རེ་རེའི་ཐོག་དོན་འཁྱོལ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
གཞིས་རྩེ་ནི་རྒྱལ་ལམ་318ཀྱི་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་ལ། ཇོ་མོ་གླང་མ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཡོད། འཐུས་མི་ཚོགས་པས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་འཆར་འགོད་འགྲེམས་སྟོན་ཁང་དུ་ལྟ་ཞིབ་བྱས་ནས་ཧྲང་ཧའེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་མངགས་པའི་རོགས་སྐྱོར་ལས་བྱེད་པས་བོད་སྐྱོར་བོགས་བླངས་གནམ་གྲུར་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་ཅིན་ཅང་རྒྱལ་སྤྱིའི་ཚོགས་པ་དང་དིང་རི་རྫོང་དབར་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་ལས་བྱས་པའི་གནས་ཚུལ་ཉན་པ་རེད། འཐུས་མི་ཚོགས་པས། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་སྔོག་འདོན་བྱས་ཏེ་ཧྲང་ཧའེ་ཡི་ཁེ་ལས་དང་ཧྲང་ཧའེ་ཡི་ཁྲོམ་ར་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། ས་མཐོའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པ། བོད་ཀྱི་ཁྱད་ལྡན་ཐོན་རྫས་དམ་འཛིན་བྱ་གཞིར་བྱེད་པ། ལེགས་ཆ་གསབ་རེས། སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛད་སྤྱོད་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།