མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
—— ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཅང་ཅེ་དང་། ལི་ཁྲང་ཡུས། ཡོན་ཆོན།
ཇོ་མོ་གླང་མའི་གཤམ་དུ་ཆགས་པའི་གཞིས་རྩེའི་པ་སྣམ་རྫོང་གི་སྔོ་ཚལ་དྲོད་ཁང་ཆེན་པོ་ནས་ས་གནས་དེ་གའི་མང་ཚོགས་ལ་ཡུལ་དེ་གའི་སྔོ་ཚལ་སོས་པ་བཟའ་རྒྱུ་བྱུང་བ་དང་། བྱང་ཐང་ས་མཐོར་གནས་པའི་ནག་ཆུ་ཧང་ཀྲོའུ་རེ་བའི་སློབ་ཆུང་ལས་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་ཕྲུ་གུའི་སློབ་གཉེར་གྱི་ཕུགས་འདུན་མངོན་དུ་གྱུར་པ། མཚོ་མོ་ངང་ལག་རིང་མོའི་འགྲམ་གྱི་མངའ་རིས་རུ་ཐོག་རྫོང་ཁུལ་ལྡན་ར་དཀར་པོའི་རྟེན་གཞི་ལས་ཁུ་ལུའི་ཐོན་ལས་ཤིག་སྐྱེད་སྲིང་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་སྲིད་ཇུས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།
འདི་ལོ་ནི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཏན་འབེབས་གལ་ཆེན་བྱས་ཏེ“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་རེས་མོས”བཅས་ཀྱི་རོགས་སྐྱོར་བྱེད་སྟངས་གཏན་འཁེལ་བྱས་ཡོད། ལོ་30ཡི་རིང་། ཁ་གཏད་བོད་སྐྱོར་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁ་གཏད་བོད་སྐྱོར་གྱི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་སོང་ནས་ཁ་གཏད་བོད་སྐྱོར་ལས་དོན་ཐད་རྒྱུན་ཆད་མེད་པར་རྣམ་པ་གསར་པ་བཏོད་པ་དང་། རྒྱ་ཆེའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་འབད་བརྩོན་ཧུར་ཐག་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།
རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ།
ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་ཆགས་པ།
ཁ་གཏད་བོད་སྐྱོར་ལས་དོན་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་གཞིགས་ནས་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཐག་གལ་ཆེན་ཞིག་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས། ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་བཏང་བས། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་གྱིས་སྣེ་ཁྲིད་བྱེད་པ་དང་། དཔལ་འབྱོར་དང་། རིག་སྟོབས། སློབ་གསོ། སྨན་བཅོས། ལས་ཞུགས་བཅས་ཀྱི་བོད་སྐྱོར་ཟུང་འབྲེལ་བྱེད་པའི་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བའི་བོད་སྐྱོར་ལས་དོན་གྱི་རྣམ་པ་ཞིག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཆགས་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་ས་གཞི་གཤིན་པོའི་བར་དང་། སྐྱེ་ཁམས་སྲུང་སྐྱོང་གི་མདུན་ཕྱོགས་ནས་རྒྱལ་སྲུང་མཐའ་སྲུང་གི་འཐབ་སའི་བར་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཚན་པ་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་བ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་མི་སེམས་འགུལ་བའི་སྙན་ངག་བརྩམས་པ་སྟེ།
ལྷ་སར། ཅང་སུའུ་བོད་སྐྱོར་གྱིས་མལ་གྲོ་གུང་དཀར་རྫོང་གི་མི་སེར་གྱི་འཚོ་བར་དམིགས་ནས“སྐལ་བཟང་མེ་ཏོག་བཞད། དམངས་འཚོའི་དོན་དངོས་ཆུང་ངུའི”རྣམ་གྲངས་ལག་ལེན་བསྟར་བ་དང་། དམངས་ཕན“ཆུ་ཟམ”100བསྐྲུན་ནས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་5ཡི་སྒོ་རྩར་སྟབས་བདེའི་འགྲིམ་འགྲུལ་བསྐྲུན་པ། ཆབ་མདོར། ཐེན་ཅིན་བོད་སྐྱོར་གྱིས་ངག་དབང་ལུག་གི་རྒྱུད་པ་གསོ་སྤེལ་རྟེན་གཞི་དང་སྟེང་ཆེན་རྫོང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་ཀྱི་རྣམ་གྲངས་བརྒྱུད་2012ལོ་ཚུན་དུ་ས་གནས་དེ་གའི་ལག་རྩལ་ཤེས་ལྡན་པ་མི་ཐེངས་6000ལྷག་ཙམ་གསོ་སྐྱོང་བྱས་པ།
ནག་ཆུར། ལེའོ་ཉིང་གིས་ས་གནས་དེ་གར་སྡོད་ཁང་ཆ་ཚང་2800ལྷག་ཙམ་གསར་སྐྲུན་བྱེད་རོགས་བྱས་པས་དབུལ་སྒྲོལ་མང་ཚོགས་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་ནང་སྤོས་པ་དང་། གཙང་བའི་ཆུ་འཐུང་རྒྱུ་བྱུང་བ། སྟབས་བདེ་ལ་འདང་ངེས་ཀྱི་གློག་སྤྱོད་རྒྱུ་ཡོད་པ་བཅས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཚན་པ་བཅས་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་མ་དངུལ་གཏོང་ཚད་མང་བ་དང་། དེའི་ནང་ཞུགས་མཁན་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་དེ་སྔ་བྱུང་མྱོང་མེད། ཁ་གཏད་བོད་སྐྱོར་བྱས་ནས་ལོ་30སོང་རིང་ཤེས་ལྡན་ལས་བྱེད་པ་ཁག་10ཡི་མི་ཁྲི་1.2ཙམ་གྱིས་ས་མཐོའི་ས་གནས་ཁག་ཏུ་འབད་འཐབ་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད།
བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཁེ་ཕན་ཐོབ་མང་ཤོས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་པ།
ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་བོད་བཟོའི་སྡོད་ཁང་སྟར་པ་མང་པོ་རི་ཚོགས་ཀྱི་ཁྲོད་དུ་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་སྣང་། གྲོང་མི་ཟླ་བ་རྒྱལ་མཚན་ཁྱིམ་གྱི་གཙང་ཞིང་བཀོད་པ་ལེགས་པའི་སྒོ་ར་ཆུང་ཆུང་ནང་རྣམ་པར་བཀྲ་བའི་མེ་ཏོག་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
ཀ་ལ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་སྤེན་པས་ངོ་སྤྲོད་བྱས་པར། “ཉེ་བའི་ལོ་ཤས་རིང་ཀ་ལ་གྲོང་ཚོར་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་ཀོང་ཏུང་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད”ཀ་ལ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ལེགས་ཆ་ལྡན། འོན་ཀྱང་2013ལོ་བར་གྲོང་ཚོའི་ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5ཡང་ཟིན་གྱི་མེད་པ་དང་ཡོང་འབབ་མང་དུ་གཏོང་ཁག་པོ་ཡོད།
2014ལོར་ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཀ་ལ་གྲོང་ཚོར་བརྟག་དཔྱད་གཏིང་ཟབ་བྱས་ཁར། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་གཏོད་པའི་འཕེལ་རྒྱས་བསམ་ཕྱོགས་བཏོན་པ་མ་ཟད། མ་དངུལ་གྲབས་གསོག་བྱས་ནས་ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་འཛུགས་སྐྲུན་དང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། ཡུལ་སྐོར་མཉམ་ལས་ཁང་འཛུགས་པ་བཅས་བྱས་པས། ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”འཕེལ་རྒྱས་ཕྱིན་པ་དང་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད། 2023ལོར་གྲོང་ཚོ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་341ལྷག་ཙམ་བྱུང་ཡོད།
ཀ་ལ་གྲོང་ཚོའི་འཕེལ་རྒྱས་ཀྱི་ལམ་བུ་ནི་ཁ་གཏད་བོད་སྐྱོར་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་ལྷོད་མེད་བྱས་པའི་བསྡུས་རིས་ཤིག་རེད།
བོད་ཀྱི་ཐག་རིང་ལུང་ཁུག་ཏུ་འཚོ་བ་སྐྱེལ་བཞིན་པའི་མི་སེར་རྣམས་དེ་སྔ་གྲུམ་བུ་ཚིགས་ཆེན་གྱི་ནད་གཞིས་སྡུག་པོ་མང་པོ་མྱོང་དགོས་བྱུང་། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ནུས་ཤུགས་ཡོད་རྒུས་གྲུམ་བུ་ཚིགས་ཆེན་ནད་འགོག་བཅོས་ལས་དོན་སྤེལ་བ་དང་། བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་དང་རྒྱབ་སྐྱོར་འོག་གྲུམ་བུ་ཚིགས་ཆེན་གྱི་ནད་མང་པོ་ཐོན་པ་དང་མཆེད་པའི་སྣང་ཚུལ་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད། 2018ལོ་ཚུན་དུ་ལྗོངས་ཡོངས་སུ་གྲུམ་བུ་ཚིགས་ཆེན་གྱི་ནད་དཔེ་གསར་པ་ཐོན་མེད་པ་དང་། ད་ཡོད་ཀྱི་སྨན་བཅོས་བྱེད་བློ་ཡོད་པའི་ནད་པ་ཚང་མར་གཞི་རྩའི་ཆ་ནས་སྨན་བཅོས་ཐུབ་ཡོད།
སྨན་བཅོས་ཤེས་ལྡན་པས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཏིང་ཟབ་སྤེལ་བ་ལས་བོད་ཀྱི་ཤང་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་དང་། གྲོང་ཚོ་ཚང་མར་སྨན་བཅོས་ཁང་ཡོད་པ། ཐུམ་འབུའི་ནད་དང་། ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་སོགས་ཀྱི་ནད་རིགས་འགོག་བཅོས་ནུས་ལྡན་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད།
སློབ་གསོ་ནི་དམངས་འཚོའི་རྨང་གཞི་ཡིན། ཆེད་དོན་འཆད་ཁྲིད་དང་། དགེ་རྒན་གྲགས་ཅན་གྱིས་གྲོང་གསེབ་ཏུ་སློབ་ཁྲིད། ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས། སློབ་ཚན་ཉན་པ་དང་དཔྱད་བསྡུར། དཔེ་སྟོན་སློབ་ཚན་འཚོགས་པ་སོགས་སློབ་གསོའི་ཤེས་ལྡན་པས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས“ཞིང་ཆེན་གྱིས་སློབ་གྲྭ་འགན་གཙང་ལེན་པ”དང“བརྒྱུད་རོགས་ཁྲིད་གསུམ”གྱི་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ་བོད་སྐྱོར་དགེ་རྒན་གདན་འདྲེན་པའི“གཞན་བརྟེན”རྣམ་པ་དེ་ས་གནས་དེ་གའི་དགེ་རྒན་གསོ་སྐྱོང་གི“རང་བརྟེན”རྣམ་པར་བསྒྱུར་ཡོད། ཞིང་ཆེན་དང་གྲོང་ཁྱེར་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་30ཡིས་བོད་སྐྱོར་དགེ་རྒན་བོད་དུ་རོགས་སྐྱོར་བྱེད་པར་མངགས་ཤིང་། དགེ་རྒན་10ནས་20ཡི་ཚོགས་པ་རེ་བཙུགས་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་རེར་གཅིག་སྡུད་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད། ད་ཆ་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་འདུ་ཤེས་དང་། སློབ་ཚན་སློབ་ཁྲིད། དོ་དམ་བྱེད་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ནས་སློབ་མའི་ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་ལ་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོར་སྐྱོད་སྐབས་གྲོང་མིའི་ཐོག་ཁའི་གྲལ་འགྲིག་པའི་འོད་ཤུགས་ཤེལ་ལེབ་མིག་ལམ་དུ་འཆར་བ་དང་། གྲོང་ཚོའི་འགྲོ་ལམ་དང་དེ་བཞིན་ཕྱོགས་བཞིའི་ཁོར་ར་ཁོར་ཡུག་གཙང་ཞིང་ཡིད་དུ་འོང་བ་ཞིག་ཡོད། “དེ་སྔ་དགུན་ཁར་འབྲོག་པས་གཞི་རྩའི་ཆར་ལྕི་བ་བསྲེགས་ནས་དྲོད་ལེན་པ་དང་ཁ་ལག་བཟོ་གི་ཡོད། 2023ལོར་བོད་སྐྱོར་ལས་དོན་རུ་ཁག་གིས་དུག་ལུང་གྲོང་ཚོར‘ཐཱན་མེད’ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འོད་ཤུགས་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པས། སྟབས་བདེ་དང་གཙང་མ་བྱུང་ཡོད་ཅིང་། འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་གཏོང་བ་གཉིས་ཀར་ཕན་པ་་ཡོད”ཅེས་སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་པའེ་མིང་གིས་བཤད།
ནུས་རྒྱུ་གསར་པའི་ཐོན་ལས་དང་། དེང་རབས་ཀྱི་སོན་ལས། གྲངས་འཛིན་ཞིང་ལས་ལ་སོགས་ཉེ་བའི་ལོ་ཤས་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་དུ་བྱས་ཏེ། ཚད་གཞིའི་རང་བཞིན་དང་། དཔེ་སྟོན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བོད་སྐྱོར་ཐོན་ལས་རྣམ་གྲངས་སྔར་བས་མང་བ་མཚོ་བོད་ས་མཐོར་བསྐྲུན་ནས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཏེ་ཐུན་མོང་འབྱོར་ཕྱུག་གི་ལེའུ་གསར་པ་ཞིག་བརྩམས་ཡོད།
རྣམ་གྲངས་སྤྲོད་པ་ནས་ཉམས་མྱོང་བརྒྱུད་སྤྲོད་བྱེད་པའི་བར་དང་། ཐོན་ལས་བོད་སྐྱོར་ནས་རིག་ནུས་བོད་སྐྱོར་བར། མ་དངུལ་སྤྲོད་པ་དང་རྣམ་གྲངས་འཛུགས་པའི“གཞན་བརྟེན་རྣམ་པའི”རོགས་སྐྱོར་ནས་ཐོན་ལས་སྐྱེད་སྲིང་དང་ལག་རྩལ་རོགས་སྐྱོར་སོགས་ཀྱི“རང་བརྟེན་རྣམ་པའི”རོགས་སྐྱོར་བར་ལ་སོགས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཁེ་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད།
སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ།
མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་སྐྱོར་ལས་དོན་ཁྲོད་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་གཅིག་ཏུ་བསྒྲིལ་བ།
བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་པས། བོད་རིགས་དང་མི་རིགས་གཞན་དག་དབར་སྤེལ་རེས་བྱེད་པ་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།
ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི“འདོད་འཇོ་ཚང”ཞེས་པའི་བོད་ཆས་ཚོང་ཁང་དུ་ཁ་གཏད་བོད་སྐྱོར་ལས་དོན་ལས་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས། སྦྱིན་བདག་བསྟན་འཛིན་སྒྲོལ་མས“བར་སྐོར་ཁྲོམ་གཞུང་གི་གནའ་གྲོང་སྒྱུར་བཀོད་ཐད་ཅང་སུའུ་ཡི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རོགས་རམ་དང་མཛུབ་ཁྲིད་བྱས་པ་རེད། ངའི་བུ་ལྷ་ས་སློབ་འབྲིང་དང་པོའི་དམའ་རིམ་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད་པ་དང་དགེ་རྒན་ཡང་ཅང་སུའུ་ཡི་བོད་སྐྱོར་བ་རེད། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཟབ་མོ་ཚོར་གྱི་འདུག མི་རིགས་ཁག་གིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཞེས་དགའ་ཚོར་ཆེན་པོས་བཤད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁ་གཏད་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་པ་མ་ཟད། མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་གཞི་རྟེན་ཞིག་ཏུ་དེ་བས་གྱུར་ནས་མི་རིགས་མཐུན་སྒྲིལ་གྱི་ངར་སྒྲ་དྲག་པོ་བསྒྲགས་ཡོད། ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་མི་རིགས་ཁག་གི་མང་ཚོགས་དབར་མཛའ་བརྩེ་ཟབ་མོ་ཆགས་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་རྒྱུན་ཆད་མེད་པར་བཏབ་ཡོད།
ད་ལོའི་ཟླ་6པར་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་པེ་ཅིང་གི་བོད་སྐྱོར་དགེ་རྒན་ཝང་རུའེ་ལེ་ཡིས་དྲ་རྒྱ་བརྒྱུད་ལྷ་ས་དང་པེ་ཅིང་ས་གནས་གཉིས་ཀྱི་སློབ་མར་དྲ་ཐོག་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་འཁྲིད་པ་རེད། ས་གནས་གཉིས་ཀྱི་དགེ་སློབ་ཚོས་བརྙན་ལམ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཇི་ལྟར་གཏོང་བར་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད། ཕན་ཚུན་སྤེལ་རེས་དང་མཉམ་སྤྱོད་བྱེད་པའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཞའོ་ཡུས་ཀྱིས“ཉེ་བའི་ལོ་ཤས་རིང་པེ་ཅིང་གིས་རོགས་སྐྲུན་བྱས་པའི་སྤུས་ཚད་མཐོ་བའི་དྲ་རྒྱའི་སྒྲིག་བཀོད་སྤྱད་དེ་ཅིང་བོད་ས་གནས་གཉིས་ཀྱི་དགེ་སློབ་ཚོའི“དྲ་ཐོག་མཉམ་སྦྱོང”དེ་རིམ་བཞིན་རྒྱུན་རྣམ་དུ་གྱུར་ནས་ཕན་ཚུན་བཅར་འདྲི་དང་སློབ་སྦྱོང་ཡང་ཡང་བྱེད་ཀྱི་ཡོད། ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་ཁྲོད་པེ་ཅིང་དང་ལྷ་ས་ས་གནས་གཉིས་ཀྱི་དགེ་སློབ་ཚོའི་མཛའ་གཅུགས་ཟབ་ཏུ་ཕྱིན་པ་དང་། སློབ་གསོའི་བོད་སྐྱོར་ལས་དོན་གྱིས་ས་གནས་གཉིས་ཀྱི་མི་རྣམས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད”ཅེས་བཤད།
མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་དང་། སྟོབས་ཤུགས། རེ་བ་བཅས་གནས་ས་ཡིན།
བོད་སྐྱོར་ལས་དོན་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་པ་དང་། འཆམ་མཐུན་མཉམ་གནས་དང་ཕན་ཚུན་དགའ་ཞིང་གཅེས་པ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཞིག་ཆགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔལ་འབྱོར་གྱི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། ཆབ་སྲིད་ཀྱི་རྨང་གཞི་བཅས་སྲ་བརྟན་དུ་རྒྱུན་ཆད་མེད་པར་བཏང་ཡོད།
“ཁྱེད་ཚོ་ཡན་ཧོ་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་ཇུས་འགོད་དང་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་འདུག”ཅེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་གྲོང་མི་བློ་བཟང་བསྟན་འཛིན་གྱིས་ཧུའུ་པེ་ཤང་དབྱང་གྲོང་ཁྱེར་ཀུའུ་ཁྲེང་རྫོང་ཝུའུ་ཧྲན་གྲོང་རྡལ་ཡན་ཧོ་གྲོང་ཚོའི“ཆ་སྒྲིག་གཉེན་ཉེ”ལི་ཀོང་ཁྲའོ་དང་ཁ་པར་ཐོག་ནས་ཁ་བརྡ་བྱས།
ཉེ་བའི་ལོ་ཤས་རིང་། ཤང་དབྱང་དང་འཕྱོངས་རྒྱས་དབར“ཏང་འཛུགས་སྐྱོང་གི་ཆ་སྒྲིག་དང་མང་ཚོགས་གཉེན་ཉེ་སྒྲིག་པ”བརྗོད་དོན་གཙོ་བོར་བྱས་པའི“གཉེན་ཉེར་འཚམས་འདྲི་བྱེད་པའི”བྱེད་སྒོ་སྤེལ་ཚུན། ས་གནས་གཉིས་ཀྱི་ཆ་སྒྲིག་ཏང་ཀྲི་པུའུ་དབར་ཕན་ཚུན་འཚམས་འདྲི་དང་སྐད་འཕྲིན་ལས་དོན་ཚོགས་པ་བཙུགས་པ་དང་རང་སོ་སོའི་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱས་པ་བརྒྱུད། ས་གནས་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཤེས་རྟོགས་གཏིང་ཟབ་བྱེད་པའི་བརྒྱུད་རིམ་ཁྲོད“གཉེན་ཉེར”གྱུར།
མི་རིགས་56ནི་སེ་འབྲུའི་འབྲུ་གུ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་པོ་ལྟ་བུ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁ་གཏད་བོད་སྐྱོར་ཚན་པ་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐར་ཕྱིན་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བྱས་ཏེ། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་དོན་སྙིང་ལྡན་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ་བཅས་མཐའ་འཁྱོངས་བྱས་ཡོད། ད་ཆ་བོད་ཀྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་གཅིག་ཏུ་བསྒྲིལ་ཡོད།
ལས་དོན་ཁག་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་པ།
བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་མང་པོས་བོད་སྐྱོར་སྙིང་སྟོབས་ཀྱི་ལྕག་སྐུལ་འོག་བོད་ལྗོངས་སུ་རྩ་བ་ཚུགས་པ་དང་གངས་ལྗོངས་ལ་ལེགས་སྐྱེས་ཕུལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་པ།
ད་ལོའི་ཟླ་6པར་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་དང་པོའི་ཀྲེང་མིན་ཧྲེང་སླར་ཡང་ལོ་30ཡི་གོང་ལས་ཀ་བྱེད་མྱོང་བའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུ་སླེབས།
མིག་མདུན་གྱི་འཁྲུག་ཆ་དོད་ལ་དར་རྒྱས་ཆེ་བའི་ཁྲོམ་གཞུང་གི་རྣམ་པ་མཐོང་སྐབས་བོད་སྐྱོར་ལོ་གསུམ་རིང་གི་རྣམ་པ་དེ་ཀྲེང་མིན་ཧྲེང་གི་ཡིད་ལ་དབང་མེད་དུ་དྲན། སྐབས་དེ་དུས་ཁོང་དང་ལས་རོགས་ཚོས་ཟམ་པ་སྐྲུན་པ་དང་ལམ་བཟོ་བ་དང་། གློག་ཁང་རྒྱག་པ། གྲོང་ཁྱེར་རྙིང་པར་སྒྱུར་བཀོད་བྱེད་པ། རིག་སློབ་དར་སྤེལ་གཏོང་བ། ཞིང་ལས་གསར་སྤེལ་ཁུལ་འཛུགས་སྐྲུན་སོགས་བྱས་ཡོད། 1997ལོར་སྣང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1994ལོ་ལས་103.5%འཕར་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་1994ལོ་ལས་83.4%འཕར་ཡོད།
1998ལོའི་ཟླ་6པའི་ཚེས་20ཉིན། བོད་སྐྱོར་མཇུག་འགྲིལ་བའི་ཀྲེང་མིན་ཧྲེང་ལ་སྐབས་དེར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་འཕྲད། སྐབས་དེ་དུས་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་པ་དང་། ཁོང་གིས་ཉིན་གཅིག་ནང་སྨན་གླིང་ཞིང་ར་དང་། སྨན་གླིང་རྫོང་། སྣང་རྫོང་བཅས་སུ་ལས་འགན་འཁུར་བར་འགྲོ་མཁན་བོད་སྐྱོར་ལས་བྱེད་པ་རེ་རེ་བཞིན་ལས་གནས་སུ་བསྐྱལ་གནང་བ་རེད།
རྩིས་སྤྲོད་རྩིས་ལེན་གྱི་བརྒྱུད་རིམ་ཁྲོད་བློ་མཐུན་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་བྱེད་པ་ཁག་དང་པོར་ཚད་མཐོའི་གདེང་འཇོག་གནང་བ་སྟེ། “ཁྱེད་ཚོས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། ད་དུང་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་བཏང་བ་དང་མི་རྣམས་དཀའ་ཚེགས་ཆེ་བའི་ས་ཆར་ལས་ཀ་བྱེད་པར་བསྐྱོད་རྒྱུར་སྐུལ་མ་བཏང་བས། ཧྥུའུ་ཅན་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད།
“བོད་སྐྱོར་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པར་བྱེད་པའི་སྙིང་སྟོབས་དེ་ནི་གསར་བརྗེའི་ཕུགས་བསམ་མཐའ་དག་ལས་ལྷག་པ་དེ་རེད། ཁྱེད་ཚོ་ས་མཐོར་ཡོད་པས་སྙིང་སྟོབས་དེ་ལས་ལྷག་པ་དགོས། ལས་དོན་དེ་ངེས་པར་དུ་གཅིག་ལ་གཅིག་མཐུད་དང་མི་རབས་ནས་མི་རབས་པར་རྒྱུན་འཛིན་བྱེད་དགོས”ཞེས་པ་དེ་ནི་2021ལོའི་ཟླ་7ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་སར་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་མཇལ་འཕྲད་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཞིག་ཡིན་ཞིང་། དེ་གར་ཡོད་པའི་སྐབས་དེ་དུས་འབྲོང་པ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡིན་པའི་ཞུས་ཕོ་ཡི་སེམས་ལ་བརྟན་པོར་ངེས་ཡོད།
2019ལོར་པའོ་ཝུའུ་ཚོགས་པའི་བོད་སྐྱོར་ལས་བྱེད་པ་ཞུས་ཕོ་ཧྲང་ཧའེ་ནས་ས་བབ་མཐོ་ཚད་སྨི་4770ཡོད་པའི་འབྲོང་པ་རྫོང་དུ་ཡོང་བ་དང་། བོད་དུ་ཡོང་ནས་ཟླ་བ་གཉིས་ཀྱང་མ་སོང་བར་ཁོང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13ཚང་མར་བསྐྱོད།
“བསམ་ཡུལ་ལས་འདས་པ་ཞིག་ལ་ང་དང་འབྲོང་པའི་དབར་གྱི་ལས་དབང་ལོ་ལྔ་ལས་བརྒལ་སོང”ཞེས་ཞུས་ཕོ་ཡིས་བཤད་པ་དང་། བོད་སྐྱོར་དུས་ཡུན་ཐིམ་རྗེས་ཁོང་གིས“རྩ་ཆེ་ཤོས་ཀྱི་རྒྱུ་ནོར”དེ་རྒྱུན་མཐུད་བྱས་ནས་མུ་མཐུད་བོད་དུ་ལས་ཀ་བྱས་ཏེ་གངས་ལྗོངས་ས་མཐོར་ལང་ཚོ་སྐྱེས་སུ་འབུལ་རྒྱུའི་བློ་ཐག་བཅད།
ལོ་30ཡི་རིང་། བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་དང་ཁག་བྱས་ཏེ་གངས་ལྗོངས་ས་མཐོར་བསྐྱོད་པ་དེ་སྐལ་བཟང་མེ་ཏོག་ལོ་དང་ལོ་བསྟུད་ནས་བཞད་པ་དང་གཉིས་སུ་མ་མཆིས” ཁོང་ཚོས་ལང་ཚོ་དང་ཁྲག་དྲོན་གངས་ལྗོངས་ས་མཐོར་ལེགས་སྐྱེས་ཕུལ་ཏེ་བརྗིད་ཉམས་ལྡན་པའི་འབད་འཐབ་ཀྱི་རྣམ་པ་བཀོད་པ་དང་ངོ་མཚར་ཆེ་ལ་བརྗེད་པར་དཀའ་བའི་མི་ཚེའི་རོལ་ཆ་དཀྲོལ་ཡོད།
“ཐག་རིང་ས་མཐོར་བསྐྱོད་ནས་ནུས་མེད་འབྲས་མེད་དུ་བསྡད་ཚེ་དེ་ནི་ཏང་དང་མི་དམངས་ལ་ངོ་གནོང་དགོས་པ་ཞིག་རེད”ཅེས་པ་དེ་ནི་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་ཀྲང་ཡུས་སྐུ་འཚོ་བཞུགས་སྐབས་ཀྱི་དམ་བཅའ་ཞིག་རེད།
“འདི་གར་ཡོང་རྒྱུའི་གདམ་ག་བྱས་ཕྱིན་ཚེ་སྲོག་གི་སྐར་ཆ་ཙམ་ཡང་འཕྲོ་བརླག་གཏོང་མི་རུང”ཞེས་པ་དེ་ནི་ཀྲུང་དབྱང་ཚན་པའི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་ཝང་ཅུན་ཆང་གིས་ཚེ་སྲོག་ལ་བརྟེན་ནས་ལག་ལེན་བསྟར་བའི་ཁས་ལེན་ཞིག་རེད།
ཉིང་ཁྲིའི་ཀླུ་ནང་དུ་གནས་པའི་རྒྱལ་ཡོངས་ཀྱི་བོད་སྐྱོར་འགྲེམས་སྟོན་ཁང་དུ་ཁ་གཏད་བོད་སྐྱོར་བྱས་ཚུན་གྱི་ས་གནས་ཁག་གི་བོད་སྐྱོར་དཔུང་ཁག་ཁྲོད་སྟབས་མི་ལེགས་པར་རང་སྲོག་ཤོར་བའི་བོད་སྐྱོར་ལས་བྱེད་པ་འདས་པོའི་འདྲ་པར་བཤམས་སྟོན་བྱས་ཡོད་པ་སྟེ། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་གཉིས་པའི་བོད་སྐྱོར་ལས་བྱེད་པ་ཧྲའོ་ཧའེ་ཡུན་དང་། པེ་ཅིང་གྲོང་ཁྱེར་གྱི་ཁག་ལྔ་པའི་བོད་སྐྱོར་ལས་བྱེད་པ་ཁྲེན་པེ་ཤིན། ལེའོ་ཉིང་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་ཧན་ཝུའེ། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དབྱང་ཅན་ཝུའེ། ཨན་ཧུའེ་ཞིང་ཆེན་གྱི་ཁག་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་པ་ཀྲའོ་ཅན་སོགས་རེད། ཁོང་ཚོ་མང་པོ་ཞིག་ཚེ་ལས་འདས་སྐབས་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཁོམ་བྱུང་མེད། ད་ཆ། ཁོང་ཚོའི་འདྲ་པར་མདུན་དུ་ལྟ་སྐོར་བ་ཚོས་ཁ་བཏགས་དང་མེ་ཏོག་སོས་པ་རྟག་ཏུ་ཕུལ་ནས་གུས་བཀུར་དང་མྱ་ངན་ཞུ་གི་ཡོད།
གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག བོད་སྐྱོར་སྙིང་སྟོབས་ཀྱི་སྐུལ་ལྕག་འོག་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཚང་མས་སྤོབས་སེམས་ཀྱིས་ཁེངས་བཞིན་མུ་མཐུད་འབད་འཐབ་བྱས་ནས་བོད་སྐྱོར་གྱི“རྒྱུག་མཐུད་དབྱུག་པ”ཡག་པོ་མཐུད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལས་འགན་དང་གཟི་བརྗིད་མངོན་པར་བྱས་ཡོད།
“བུ་ཕྲུག་བབ་ཆགས་ཤིག་བྱེད་པ་དང་བྱ་བ་ནན་ཏན་ངང་སྒྲུབ་དགོས། དཀའ་ཚེགས་ཆེ་རུང་ཚད་གཞི་དམའ་རུ་གཏོང་མི་རུང་བ་དང་། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པར་བྱེད་དགོས”ཞེས་པ་དེ་ནི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་ཀོའུ་ཐེན་ལིན་གྱིས་བོད་སྐྱོར་ལོ་བཅུའི་རིང་གི་བསྲུང་བྱའི་གདམས་ངག་ཅིག་ཡིན་པ་དང་། ཧུའུ་པེ་འགྲིམ་འགྲུལ་འཆར་འགོད་ཇུས་འགོད་ཁང་གི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཁྲེན་ཀང་དབྱིས་བོད་སྐྱོར་ལས་དོན་ནང་སྔ་རྗེས་སུ་ཐེངས་གཉིས་ཞུགས་པ་དང་། ལོང་སྐྲན་ཕོག་ནས་གཤགས་བཅོས་བྱས་རྗེས་རྫས་འགྱུར་གསོ་བཅོས་ཐེངས་7བྱེད་རིང་ཡང་ཁོང་གིས་སྔར་བཞིན་བོད་དུ་ཐེངས་4ཡོང་ནས་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་པ།
ལོ་30ཡི་རིང་ཁ་གཏད་བོད་སྐྱོར་ལས་བྱེད་པས་ལོ་གསུམ་རེར་རེས་མོས་ཐེངས་རེ་བྱས་ནས་བོད་སྐྱོར་ལས་བྱེད་པ་ཁྲི་ཕྲག་ཁ་ཤས་ཀྱིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་གངས་ལྗོངས་ས་མཐོར་ལས་གནས་བརྟན་སྲུང་གིས་ནུས་ཤུགས་ཡོད་རྒུས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ཡོད།
རྩེ་མོ་དགུང་ལ་བསྙེགས་འདྲའི་རི་བོ་ཧི་མ་ལ་ཡ་དང་རྒྱང་རིང་ཡུལ་དུ་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་བོད་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱས། རྒྱང་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱང་བགྲོད་བརྟན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་འོད་སྟོང་འཕྲོ་བའི་ལེའུ་རྩོམ་བཞིན་ཡོད།