ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྐུ་མགྲོན་དང་འཐུས་མིས་རང་ལྗོངས་ལ་ལྟ་སྦྱོང་དང་བརྟག་ཞིབ་བྱས་པ།
ཚེས་27ཉིན་གྱི་ཕྱི་དྲོར། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྐུ་མགྲོན་དང་འཐུས་མིས་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ“རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བོད་སྐྱོར་རྣམ་གྲངས་ཁག་གཅིག་ལ་རྟོག་ཞིབ་ཀྱང་བྱས་པ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཁ་གཏད་བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་བཅས་ཀྱི་འགན་འཁུར་བློ་མཐུན་དང་། གཟེངས་བསྟོད་ཐོབ་པའི་བོད་སྐྱོར་གྱི་སྔོན་ཐོན་མི་སྒེར་གྱི་འཐུས་མི། བོད་སྐྱོར་ཁག་བཅུ་པའི་ལས་བྱེད་པའི་རུ་སྣེ་འཁྲིད་མཁན་སོགས་ཀྱིས་ལྟ་སྦྱོང་དང་བརྟག་ཞིབ་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཤའོ་ཡིའུ་ཚའེ་སོགས་བྱེད་སྒོར་ཞུགས་པ་རེད།
རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་སྨི་ངོས་གྲུ་4000ཙམ་ཟིན་པའི“རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན”བྱེད་བཞིན་ཡོད་ཅིང་། སྐུ་མགྲོན་དང་འཐུས་མི་ཚོས་ཕེབས་ཀྱིན་ལྟ་སྦྱོང་ནན་ཏན་དང་འགྲེལ་བཤད་ཞིབ་ཚགས་ཉན་པས། ཁ་གཏད་བོད་སྐྱོར་བྱས་ནས་ལོ་30ཡི་རིང་རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་གི་བོད་སྐྱོར་ལས་བྱེད་པས་ས་མཐོར་ལས་སྒྲུབ་ལས་གཏོད་བྱས་པའི་བོད་སྐྱོར་གཏམ་རྒྱུད་རྒྱུས་ལོན་ཟབ་མོ་བྱུང་བ་རེད།
འགྲེམས་སྟོན་དེར་ཡི་གེ་དང་། པར་རིས། སྒྲ་ཕབ་དང་བརྙན་ལམ། དངོས་པོ། འདྲ་དཔེ་སོགས་འབོར་ཆེན་བརྒྱུད། ཏང་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་བཀོད་ཇུས་གལ་ཆེན་བདེ་བླག་ངང་ལག་ལེན་བསྟར་བ་གཙོ་རྐང་དུ་བྱས་ཏེ། ལོ་30དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་བརྒྱབ་པའི་ཕྱོགས་གང་ཅིར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་འགྲེམས་སྟོན་བྱས་ཡོད།
སྐུ་མགྲོན་དང་འཐུས་མི་ཚོས་ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་བྱས་པ་ནི་བོད་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་གསར་གཏོད་ཅིག་རེད། རྒྱ་ཆེའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད། ལོ་30ཡི་རིང་བོད་སྐྱོར་ལ་བཏང་བའི་མ་དངུལ་དེ་འདྲའི་འབོར་ཆེན་དང་། ཞུགས་མཁན་དེ་འདྲའི་མི་མང་པོ། ཁྱབ་ཁོངས་དེ་འདྲའི་རྒྱ་ཆེན་པོ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ལ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་ཡོད། སླད་ཕྱིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་ཁ་གཏད་བོད་སྐྱོར་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་གྱི་ཡིན་ཞེས་བཤད་པ་རེད།