ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།
ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་8ཚེས་27ཉིན། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ལྷ་ས་དང་ལྷོ་ཁར་ཕེབས་ནས་ཁ་གཏད་བོད་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཟླ་8ཚེས་27ཉིན་ཝང་ཧུའུ་ཉིང་གིས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ལ་དམིགས་པ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཧུའུ་ཉིང་གིས་གསུངས་དོན། ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་བསགས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཞིབ་ཚགས་པའི་སྒོ་ནས་ཁ་གཏད་བོད་སྐྱོར་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་གནང་སྟེ་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། ཁ་གཏད་བོད་སྐྱོར་གྱི་ལས་འགན་འཁུར་མཁན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་སྡེ་ཚན། ཀྲུང་དབྱང་ཁེ་ལས། རྒྱ་ཆེའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་བཅས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་གནད་ལ་འཁེལ་བའི་བོད་སྐྱོར་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ཏེ། ཁ་གཏད་བོད་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གཙོ་རྐང་ཡིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཁོང་དུ་བརྟན་པོ་ཆུད་པ་དང་། རྩ་བའི་ལངས་ཕྱོགས་ཡིན་པའི་མི་དམངས་ལྟེ་བར་འཛིན་རྒྱུ་ཁོང་དུ་བརྟན་པོ་ཆུད་པ། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁོང་དུ་བརྟན་པོ་ཆུད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཡིན་པའི་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་གནས་ཚུལ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། མཐའ་དར་དམངས་ཕྱུག་སོགས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་བརྟན་དུ་གཏོང་དགོས། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་འདེམས་མངགས་སྔར་བས་གནད་ལ་འཁེལ་བ་དང་། དོ་དམ་ཞབས་ཞུ་སྔར་བས་ཚད་དང་ལྡན་པ། ནུས་པ་འདོན་སྤེལ་སྔར་བས་གཅིག་སྡུད་ཆེ་བ། ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་བ་བཅས་ཡོང་བར་བྱས་ཏེ་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་དངོས་སྒྲུབ་དང་། འགན་འཁུར། བྱས་རྗེས་འཇོག་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཁ་གཏད་བོད་སྐྱོར་ལས་དོན་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབས་ནས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་དགོས།
ཧྲི་ཐའེ་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི། བོད་རང་སྐྱོང་ལྗོངས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། བོད་རང་སྐྱོང་ལྗོངས། ཧྥུའུ་ཅན་ཞིང་ཆེན། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་དང་བོད་སྐྱོར་སྔོན་ཐོན་མི་སྒེར་གྱི་འཐུས་མི་2བཅས་ཀྱིས་གཏམ་བཤད་སྤེལ་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་སྤྲད་པ་རེད། ཚོགས་འདུ་མ་འཚོག་གོང་ཝང་ཧུའུ་ཉིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་བོད་སྐྱོར་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་བོད་སྐྱོར་ལས་བྱེད་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད།
བོད་དུ་བཞུགས་རིང་། ཝང་ཧུའུ་ཉིང་གིས་ད་དུང་ལྷ་ས་དང་ལྷོ་ཁར་ཕེབས་ནས་ཁ་གཏད་བོད་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་དེ་བཞིན་ལྷ་ས་དང་ལྷོ་ཁར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ལ་གཟིགས་པ་རེད།