དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་མིའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

    སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་རོགས་དངུལ་དང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་ལོ་གོང་མ་ལས་སྒོར་30དང་སྒོར་20སོ་སོར་འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-29

    ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་མཉམ་དུ《2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཏེ། གྲོང་མིའི་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་མུ་མཐུད་ཡག་པོ་བྱ་རྒྱུ་དང་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རྒྱུན་ཆད་མེད་པར་རིང་དུ་དང་སྨན་བཅོས་འཛད་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་དུས་བབ་དང་འཚམ་པར་བྱས་ཏེ། གྲོང་མིའི་སྨན་བཅོས་འགན་སྲུང་ཐོབ་ཐང་གི་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་ཆེད། 《བརྡ་ཐོའི》ནང་གཏན་འཁེལ་ཁ་གསལ་བྱས་པར། 2024ལོར་རིམ་ཁག་ནོར་སྲིད་ཀྱིས་གྲོང་མིས་སྨན་བཅོས་འགན་སྲུང་གི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བར་ཁ་གསབ་རོགས་དངུལ་སྤྲོད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག གྲོང་མི་མི་སྒེར་གྱིས་འཇལ་བའི་གྲོན་དངུལ་འཕར་ཚད་དམའ་རུ་འོས་འཚམ་གཏོང་རྒྱུ་དང་། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་དང་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་ལོ་གོང་མ་ལས་སྒོར་30དང་སྒོར་20སོ་སོར་མང་དུ་གཏོང་རྒྱུ། མི་རེའི་ལོ་རེའི་ཚད་གཞི་སྒོར་670དང་སྒོར་400སོ་སོ་ལས་མི་དམའ་བ་བྱ་རྒྱུ་བཅས་རེད། དེ་ནི་2016ལོའི་ཚུན་དུ་མི་སྒེར་གྱིས་འཇལ་བའི་གྲོན་དངུལ་གསར་འཕར་ཚད་གཞི་དེ་ནོར་སྲིད་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལས་དམའ་བ་ཐེངས་དང་པོ་རེད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རྒྱུན་ཆད་མེད་པར་རིང་དུ་སོང་བ་དང་སྨན་བཅོས་འཛད་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པའི་རྒྱབ་ལྗོངས་འོག མི་སྒེར་གྱིས་འཇལ་བའི་གྲོན་དངུལ་དང་ནོར་སྲིད་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལུགས་མཐུན་ངང་མཐོ་རུ་གཏོང་རྒྱུ་ནི་ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་ལམ་ལུགས་བརྟན་པོའི་ངང་འཁོར་སྐྱོད་འགན་ལེན་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་རེད། གཞན་ཡང《བརྡ་ཐོའི》ནང་། ད་དུང་ནད་གཞི་ཚབས་ཆེན་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གྲུབ་ཆ་དུས་གཅིག་ཏུ་ལེགས་སུ་གཏོང་རྒྱུའི་བླང་བྱ་བཏོན་པ་མ་ཟད། ད་དུང་རིམ་ཁག་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་དེ་གཏན་འབེབས་ལྟར་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་དགོས་པ་ལས་བཙན་བཟུང་དང་གཞན་སྤྱོད་བྱེད་མི་ཆོག་པའི་ནན་བཤད་ཀྱང་བྱས་ཡོད།

    གྲོང་མིའི་སྨན་བཅོས་འགན་བཅོལ་ཐོབ་ཐང་འགན་སྲུང་ཐད་མང་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པའི་ཐོབ་སྣང་ཆེ་རུ་གཏོང་ཆེད། 《བརྡ་ཐོའི》ནང་། གཞི་རྩའི་སྨན་བཅོས་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས་པ་དང་། ནད་གཞི་ཚབས་ཆེན་འགན་བཅོལ་གྱི་གནད་སྨིན་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས་པ། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་བུ་བཙའི་སྨན་བཅོས་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་པ་སྟེ། གཅིག་ནས་སྨན་ཁང་དུ་སྡོད་པའི་ཐོབ་ཐང་ཆུ་ཚད་མུ་མཐུད་བརྟན་དུ་གཏོང་བ་དང་སྒོ་བསྟེན་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་སྟེ། ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་སྲིད་ཇུས་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་ནད་གཞི་ཚབས་ཆེན་འགན་བཅོལ་གྱི་ཐོག་མའི་དངུལ་སྤྲོད་ཚད་དང་། འགྲོ་སོང་རྩིས་ཞུའི་བསྡུར་ཚད། གཏོང་སྤྲོད་བཅད་གྲངས་མཐོ་ཤོས་བཅས་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ། ནད་གཞི་ཚབས་ཆེན་ཕོག་པའི་སྨན་བཅོས་གྲོན་དངུལ་མཐོ་པོ་འགན་སྲུང་གནད་སྨིན་བྱེད་ཚད་མཐོ་རུ་གཏོང་རྒྱུ། གསུམ་ནས་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་གྲོན་དངུལ་སྒོ་བསྟེན་འགན་སྲུང་ནང་ཁོངས་སུ་བཅུག་སྟེ། སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙས་པའི་སྨན་བཅོས་གྲོན་དངུལ་འགན་སྲུང་ཆུ་ཚད་ལུགས་མཐུན་ངང་མཐོ་རུ་གཏོང་རྒྱུ་བཅས་རེད།

    《བརྡ་ཐོའི》ནང་ལམ་ལུགས་དང་སྲིད་ཇུས་ཚད་ལྡན་དང་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་དམིགས་སུ་བཀར་ནས་བྱས་ཏེ། ས་གནས་ཁག་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་ཁ་གསལ་བྱས་པའི་ཁ་ཕྱོགས་ལྟར་བསྟུད་མར་འགན་བཅོལ་ནང་ཞུགས་མཁན་དང་གྲོན་དངུལ་འཇལ་མཚམས་འཇོག་མཁན་ལ་དེ་མཚུངས་ཀྱི་ལྕག་སྐུལ་དང་ཚོད་འཛིན་བྱ་ཐབས་འཚོལ་ཞིབ་བྱེད་དགོས་པ་མ་ཟད། དུས་མཚུངས་སུ་གཅིག་སྡུད་བསྡུ་འཇལ་དུས་ཚོད་རིམ་བཞིན་གཅིག་གྱུར་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    བར་བརྒལ་དུས་ཚོད་ཕྱེད་ཕྱི་མའི་སྨན་བཅོས་འགན་སྲུང་གི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བའི་ལས་དོན་ཏན་ཏིག་སྒྲུབ་ཆེད། 《བརྡ་ཐོའི》ནང་སྨན་བཅོས་འགན་སྲུང་གི་ཕྱོགས་བསྡུས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ནད་ཕོག་ནས་དབུལ་ལོག་དང་དབུལ་པོར་འགྱུར་བ་འགོག་སེལ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་སྒྲོལ་མི་འབོར་འགན་བཅོལ་ནང་ཞུགས་པའི་ལས་དོན་ཡག་པོ་བསྒྲུབས་ནས། མི་སྣ་རིགས་གཉིས་འགན་བཅོལ་ནང་ཞུགས་ཚད་99%ལས་མི་དམའ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་གཏན་འབེབས་ལྟར་སྨན་བཅོས་རོགས་སྐྱོབ་ཀྱི་རིགས་དབྱེ་རོགས་སྐྱོར་གྱི་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་བཅད་གྲངས་རོགས་སྐྱོར་གྱི་ཚད་གཞི་འོས་འཚམ་མཐོ་རུ་གཏོང་ཆོག་པ་དང་དོན་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གཟིགས་སྐྱོང་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཉིས་ནས་སྨན་བཅོས་གྲོན་དངུལ་མཐོ་པོ་སྤྲོད་དགོས་པའི་ནད་པར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་གི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། ཆ་འཕྲིན་མཉམ་སྤྱོད་དང་སྡེ་ཚན་དབར་གྱི་ལས་དོན་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། དགེ་སྒྲུབ་སོགས་སྤྱི་ཚོགས་སྟོབས་ཤུགས་རོགས་སྐྱོབ་འགན་སྲུང་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།