དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-29

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། མང་ཚོགས་བློ་ཡིད་ཚིམ་པ། ཁྲིམས་སྐྱོང་དར་སྤེལ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཤིང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་དང་། ཐད་སྦྲེལ་ཁ་པར། དྲ་རྒྱ་བཅས་ལས་སྟེགས་ཆེན་པོ་གསུམ་འཛུགས་སྐྱོང་ཧུར་ཐག་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་ལས་སྟེགས་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི“ཚུགས་གཅིག་ཀུན་སྒྲུབ”དང“དྲ་གཅིག་ཤར་གཏོང”མངོན་འགྱུར་བྱུང་བ་མ་ཟད། དམངས་འཚོར་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པའང་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་10པར་ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཐོག་མ་སྒོ་བྱང་བཀལ་ནས་བཙུགས་ཤིང་། མིག་སྔའི་བར་ངོ་བཅར་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། རིན་མེད་ངང་བཅའ་ཁྲིམས་ཀྱི་ཡིག་ཆ་1300ལྷག་ཙམ་ཚབ་འབྲི་བྱས་པ། བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་4000ཙམ་སྒྲུབ་གཉེར་བྱས་པ། དཔལ་འབྱོར་གྱོང་གུན་སྒོར་ཁྲི་3000ཙམ་མི་ཕོག་པ་བྱས་པ། ཁྲིམས་དཔང་ངོ་སྤྲོད་ཁག་6000ཙམ་གཉེར་བ་བཅས་བྱས་ཤིང་། ད་ཆ་ནག་ཆུ་གྲོང་ཁྱེར་གྱི་རྫོང་(ཆུས)11དང་ཤང་གྲོང་114ཚང་མར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས(ས་ཚིགས)ཁྱབ་ནས་མི་ཚང་མར་སྤུས་ཚད་མཐོ་བའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།

    2023ལོའི་ཟླ་དང་པོར་ནག་ཆུ་གྲོང་ཁྱེར་གྱི“སྤྱི་ཕན་ཅན་དང་། ཀུན་ཕན་ཅན། ཆེད་ལས་ཅན། ནུས་ཆེ་ཅན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་རྒྱུ”དེ“རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་རྣམ་གྲངས་ཁག་གཉིས་པའི”ནང་བདམས་ཡོད། གཟི་བརྗིད་མཚན་སྙན་དེ་ཐོབ་པར་དམིགས་ནས་ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་མའོ་ཧྲེང་ཡུང་གིས་ནག་ཆུ་གྲོང་ཁྱེར་གྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་སྐོར་གྱི་འབྲེལ་ཡོད་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་བྱས་པ་རེད།

    —— མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་ལག་བསྟར་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ། རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་བོད་སྐྱོར་ཁྲིམས་རྩོད་པ་དང་ཆེད་བསྐོས་ཁྲིམས་རྩོད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང་། ཁ་པར་དང་དྲ་རྒྱའི་ལས་རེས་དང་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་གཉེར་ནས་ཞབས་འདེགས་ཞུ་ཡུལ་ལ་དཔལ་འབྱོར་གྱོང་གུན་མི་ཕོག་པ་བྱས་ཤིང་། མི་དམངས་མང་ཚོགས་ལ་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་ཀྱི་གཏུག་བཤེར་བྱེད་རིང་དགོས་ངེས་ཀྱི་བཅའ་ཁྲིམས་རོགས་རམ་ཐོབ་པར་བྱས་ཡོད།

    —— སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་ཡིག་འབུལ་ཞུ་བཅར་གྱི་འབྲེལ་མཐུད་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།

    ཡིག་འབུལ་ཞུ་བཅར་གྱི་དོན་རྐྱེན་ཚབས་ཆེན་དང་། དཀའ་གནད། རྙོག་འཛིང་བཅས་འཕྲད་སྐབས་སམ་ཡང་ན་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་གདན་འདྲེན་ཞུས་ཚེ། བཅའ་ཁྲིམས་ཀྱི་ཆེད་ལས་མི་སྣ་མངགས་ནས་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་དང་ཡིག་འབུལ་ཞུ་བཅར་གྱི་འདུམ་འགྲིག་ནང་ཞུགས་ཏེ། འགལ་ཟླ་དང་རྩོད་གཞི་སེལ་བ་དང་ཡིག་འབུལ་ཞུ་བཅར་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཞབས་འདེགས་ཞུས་ནས་ཡིག་འབུལ་ཞུ་བཅར་གྱི་དོན་ཚན་དག་བཅའ་ཁྲིམས་ཀྱི་ཐབས་ལམ་ནས་ཐག་གཅོད་བྱས་ཡོད།

    —— དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་ཀྱི་ལེགས་ཆ་གསབ་རེས་དང་། འབྲེལ་མཐུད་ནུས་ལྡན། མཐུན་སྦྱོར་མཉམ་འགུལ་བཅས་ཀྱི“འདུམ་འགྲིག་གསུམ་གྱི་མཉམ་འགུལ”གྱི་འདུམ་འགྲིག་ཆེན་པོའི་ལས་ཀའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ནས། འདུམ་འགྲིག་ལས་དོན་གྱི་བསམ་ཕྱོགས་རྒྱ་སྐྱེད་བཏང་སྟེ་ཁྲིམས་རྩོད་པ་དང་གཞུང་དཔང་བ་འདུམ་འགྲིག་གི་ལས་དོན་ནང་ཞུགས་པར་ཁྲིད་སྟོན་བྱས་ནས“རྣམ་གྲགས་འདུམ་འགྲིག་ཁང”དང“ཨ་ཁུ་པད་ཆུང་འདུམ་འགྲིག་ཁང”སོགས་རང་ཡུལ་གྱི་ཁྱད་ཆོས་ལྡན་པ་དང་མང་ཚོགས་ཀྱི་ཡིད་རྟོན་ཐོབ་པའི་མི་དམངས་འདུམ་འགྲིག་གི“གསེར་གྱི་མིང་བྱང”བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།