དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་གཉིས་པས་ལྟ་བཤེར་གནས་ཚུལ་ཚུར་ལན་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-28

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་གཉིས་པས་ཧྲང་ཧའེ་དང་། ཀྲེ་ཅང་། ཅང་ཤིས། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཡུན་ནན་སོགས་ཞིང་ཆེན(གྲོང་ཁྱེར)7སོ་སོར་ལྟ་བཤེར་བྱས་པའི་གནས་ཚུལ་ཚུར་ལན་སྤྲད་པ་རེད།

    སྤྱིའི་ཆ་ནས་བལྟས་ན། ཞིང་ཆེན(གྲོང་ཁྱེར)7གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི“སྲུང་སྐྱོང་ཆེན་པོ་མཉམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”བླང་བྱ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་དང་ཡག་པོ་བརྒྱབ་པས་ལས་དོན་ལ་གྲུབ་འབྲས་ཅུང་ཆེན་པོ་ཐོབ་ཡོད་པ་རེད།

    འོན་ཀྱང་། ལྟ་བཤེར་བྱེད་རིང་གནད་དོན་དང་མི་འདང་ས་ཁ་ཤས་ཤེས་རྟོགས་བྱུང་ཡོད་པ་སྟེ། ས་གནས་ཁ་ཤས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་སྔར་བཞིན་ཧེ་བག་ཡོད་པ་དང་། “མཐོ་གཉིས”ཀྱི་རྣམ་གྲངས་རྨོངས་ཚོད་ངང་སྤེལ་བར་ཚོད་འཛིན་བྱེད་ཤུགས་མི་འདང་བ། འཛུགས་སྐྲུན་གྱི་གད་སྙིགས་སྒྲིག་འགལ་ངང་གཙང་སེལ་བྱེད་པའི་གནད་དོན་ཅུང་མངོན་གསལ་དོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱུང་མེད་པ། འབྲི་ཆུ་སྲུང་སྐྱོང་སླར་གསོ་བྱེད་པར་སྔར་བཞིན་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་གནས་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ཐད་ཞན་ཆ་ཡོད་པ་དང་། ས་གནས་འགའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཞན་དུ་ཕྱིན་པ། ས་ཁུལ་དང་གྲོང་ཁྱེར་འགའི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མངོན་གསལ་དོད་པོ་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་སྔར་བཞིན་ཤུགས་སྣོན་རྒྱག་དགོས་ཤིང་། ནགས་ས་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ལ་གཏོར་སྐྱོན་ཡང་སེ་ཕོག་པ་དང་།

    གཏེར་རི་ཁ་ཤས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་གནད་ལ་འཁེལ་པོ་བྱུང་མེད་པ། ཕྱོགས་གསུམ་པའི་ཁོར་ཡུག་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ཁ་ཤས་ལ་གྲངས་གཞི་རྫུན་བཟོའི་གནད་དོན་ཡོད་པ་རེད།

    གོམ་སྟབས་རྗེས་མར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་མཐུན་སྦྱོར་ཅུས་ཀྱིས་ལྟ་བཤེར་བྱ་ཡུལ་ཞིང་ཆེན(གྲོང་ཁྱེར)ལ《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》དང《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བཅོས་སྒྲིག་ལས་དོན་གྱི་བྱ་ཐབས》ཀྱི་བླང་བྱ་གཞིར་བཟུང་ཉིན་45ཡི་ནང་བཅོས་སྒྲིག་གི་ཇུས་གཞི་ཞིབ་འཇུག་དང་བཟོས་ནས་གོ་རིམ་ལྟར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་བར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་རེད། རྗེས་མཐུད་ལས་དོན་སྤེལ་རིང་བཀོད་གཏོང་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམ་པོར་དམིགས་ཏེ་ས་གནས་ཀྱིས་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།