བོད་རང་སྐྱོང་ལྗོངས“ས་མཐོའི་སེ་འབྲུ་དམར་པོ”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ(ཁག་བཞི་པ)པེ་ཅིང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ།
རྒྱལ་སའི་འཕེལ་རྒྱས་ཆེན་པོ་ཚོར་བར་བྱས། ཀྲུང་ཧྭའི་བུ་ཕྲུག་ཡིན་པར་སྤོབས་སེམས་སྐྱེ།
འདི་ནི་ལྟ་སྐོར་ཚོགས་པའི་ཁོངས་མིས་པེ་ཅིང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས“ས་མཐོའི་སེ་འབྲུ་དམར་པོ”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི(ཁག་བཞི་པ)ཁོངས་མི་70པེ་ཅིང་དུ་ལྟ་སྐོར་དང་། སློབ་སྦྱོང་། ཉམས་ལེན་བཅས་བྱེད་པར་བསྐྱོད་ཅིང་། དེའི་རིང་ཁོང་ཚོས་པེ་ཅིང་གི་ལོ་རྒྱུས་རིག་གནས་མྱོང་ཚོར་དང་ཀྲུང་ཧྭ་མི་རིགས་ཀྱི་འབད་འཐབ་སྙིང་སྟོབས་རླབས་པོ་ཆེ་ཤེས་རྟོགས་བྱས་ཏེ། རང་ཉིད་ཀྱི་ལག་ལེན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་འདེད་ཀྱང་བཏང་ཡོད།
ཟླ་8ཚེས་19ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་ཚང་མས་འདུན་པ་དང་རེ་སྒུག་ཆེན་པོ་འཆང་བཞིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཡོང་སྟེ་རྒྱལ་དར་སྒྲེང་བའི་མཛད་སྒོ་ཚུགས་རྒྱུར་ཁུ་སིམ་མེར་བསྒུགས་ནས་བསྡད།
རྒྱལ་དར་སྲུང་སྐྱོབ་རུ་ཁག་མིག་ལམ་དུ་མངོན་པའི་སྐད་ཅིག་མར། ཐང་ཆེན་ཡོངས་སུ་དགའ་འབོད་ཀྱི་སྒྲ་གྲགས་ཤིང་། ཚང་མར་སེམས་འགུལ་ཚད་མེད་ཐེབས། “ཡར་ལོངས། བྲན་གཡོག་བྱེད་འདོད་མེད་པའི་མི་རྣམས……”རྒྱལ་གླུ་དཀྲོལ་བ་དང་ཆབས་ཅིག་ལྟ་སྐོར་ཚོགས་པའི་ཁོངས་མིས་རྒྱལ་དར་ལ་མིག་ཧུར་རེར་བལྟས་ནས་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད། རྒྱལ་དར་དལ་གྱིས་བསྒྲེངས་པ་དང་སྦྲགས་གླུ་སྒྲ་གྲགས་ཤུགས་དང་མི་སེམས་སྒུལ་ཤུགས་ཀྱང་རིམ་བཞིན་ཆེ་རུ་སོང་།
“ད་རེས་རང་ཉིད་པེ་ཅིང་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་ཐེངས་དང་པོ་ཡིན། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་མཐོང་སྐབས་སེམས་ནང་དགའ་སྤྲོ་ཚད་མེད་སྐྱེ་ཡི་འདུག ད་རེས་པེ་ཅིང་དུ་བསྐྱོད་པ་ལས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་རྩ་ཆེའི་ཉམས་མྱོང་མང་པོ་ཤེས་རྟོགས་ཐུབ་བྱུང་། ཕ་ཡུལ་དུ་ལོག་རྗེས་ངས་ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། ཕ་ཡུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་སྔར་བས་གཅིག་ཏུ་སྒྲིལ་ཐུབ་པར་བྱེད་ཀྱི་ཡིན”ཞེས་བྲང་ཁར་ཏང་རྟགས་བཏགས་པའི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤེས་རབ་ཉི་མས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།
ཟླ་8ཚེས་21ཉིན། པེ་ཅིང་རུན་ཙེ་ཡོན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་ལྟ་སྐོར་ཚོགས་པའི་ཁོངས་མི་ཚང་མས་སྣ་ཁ་མི་འདྲ་བའི་རྒུན་འབྲུམ་གྱི་བྲོ་བ་མྱོང་ཞོར་དུ་བློ་རྩེ་གཅིག་ལ་བསྒྲིམས་ནས་འདེབས་འཛུགས་ཉམས་མྱོང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་བོད་ཀྱི་ས་ཁུལ་ཁག་གི་འདེབས་འཛུགས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་སློབ་སྦྱོང་ཡང་བྱས་པ་རེད།
“དེ་རིང་ཐག་ཉེ་ས་ནས་པེ་ཅིང་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པའི་སྐོར་ལ་མྱོང་ཚོར་ཟབ་མོ་བྱུང་ལ། ཐོན་ལས་དར་རྒྱས་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་གལ་ཆེན་པོ་ཡིན་པའང་ཤེས་རྟོགས་གཏིང་ཟབ་ཐུབ་བྱུང་། པེ་ཅིང་རུན་ཙེ་ཡོན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ནས་ང་ཚོས་མཐོང་བའི་རྒུན་འབྲུམ་གཅིག་པུར་སྣ་ཁ་མི་འདྲ་བ་20ལྷག་ཙམ་འདུག་ལ། སྐྱེ་འཚར་ཡང་བཟང་པོ་འདུག དེ་ལས་འདི་ལོ་ང་ཚོའི་གྲོང་ཚོས་བཏབ་པའི་ཧྥུའུ་ལིང་མུའུ་200ལྷག་ཙམ་དྲན་བྱུང་། ཕྱིར་ལོག་རྗེས་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱེད་རྒྱུར་དོ་སྣང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་ཀྱི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་རྐུ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏུའོ་ཝུའེ་ལུང་གིས་བཤད།
ཟླ་8ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་ཚོགས་པ་དང་བཅས་པས་ཏང་དར་ལ་ཁ་ཕྱོགས་ནས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་ཅིང་། སེམས་ཤུགས་ཆེན་པོས་དམ་བཅའ་བསྐྱར་དུ་བཞག་པའི་སྐད་སྒྲའི་བྲག་ཅ་འགྲེམས་སྟོན་ཁང་དུ་འཁོར་ནས་དེ་གར་ཡོད་པའི་ཏང་ཡོན་ཚང་མའི་སེམས་ལ་སླར་ཡང་ཞུན་བརྡར་ཐེངས་གཅིག་ཐེབས་ཡོད།
སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པ་ནི་ཉེ་རབས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་དོན་སློབ་གྲྭ་དང་པོ་དེ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྡེ་ཚོགས་ཀྲི་པུའུ་དང་པོ་དང་ཏང་ཀྲི་པུའུ་འཛུགས་ཡུལ་ཡང་རེད། ཟླ་8ཚེས་24ཉིན། དེ་གར་ལྟ་སྐོར་ཚོགས་པའི་ཁོངས་མིས་ལོ་རྒྱུས་རིག་དངོས་ཁྲོད་ནས་གསར་བརྗེའི་ལོ་རྒྱུས་དྲན་གསོ་དང་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་བྱས་པ་རེད།
“སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པ་ནས་ང་ཚོར་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་སྤུན་ཟླ་རྣམས་ལ་གཅེས་སྐྱོང་དང་ཐུགས་ཁུར་གནང་བ་དང་། རྒྱལ་ཁབ་ཀྱིས་ཡུལ་བབ་དང་བསྟུན་པའི་སྲིད་ཇུས་སྤྱད་དེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ལས། ཚང་མའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་པ་ཚོར་བ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་རྒྱུའི་ཡིད་ཆེས་ཀྱང་ཚོར་བྱུང”ཞེས་ལྷོ་ཁ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་མི་རིགས་མཐུན་སྒྲིལ་སྐུལ་འདེད་ཁོའི་ལས་དོན་པ་ཕུར་བུ་སྒྲོལ་མས་ལྟ་སྐོར་སློབ་སྦྱོང་མཇུག་འགྲིལ་རྗེས་དེ་ལྟར་བཤད།
དེ་རྗེས་ལྟ་སྐོར་ཚོགས་པ་དང་བཅས་པ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་བསྐྱོད་དེ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་སྐོར་གྱི་རིག་དངོས་གནའ་དཔེ་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་རེད།
ཚང་མས་ལྟ་སྐོར་དང་སློབ་སྦྱོང་བྱེད་རིང་། ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འབུངས་ཡར་བརྩོན་དང་རྒྱལ་ཁ་བསྟུད་མར་བླངས་པའི་བརྗིད་ཆེའི་ལོ་རྒྱུས་ལ་རྒྱུས་མངའ་བྱུང་བ་མ་ཟད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སྔར་བས་གོ་བ་གཏིང་ཟབ་ལོན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ནང་དོན་ཟབ་མོ་དང་དོན་སྙིང་གལ་ཆེན་གྱི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
འདི་ནི་རང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི“ས་མཐོའི་སེ་འབྲུ་དམར་པོ”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་བཞི་པ་དེ་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མེས་རྒྱལ་ས་གནས་ཁག་གི་ལོ་རྒྱུས་རིག་གནས་དང་། ཚན་རྩལ་གསར་གཏོད། གྲོང་ཁྱེར་འཕེལ་རྒྱས། གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཐད་ཀྱི་གནས་ཚུལ་ཤེས་ཚད་ཆེ་རུ་གཏོང་བ་དང་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད་རེད།
ཉིན་11རིང་ལྟ་སྐོར་ཚོགས་པ་དང་བཅས་པས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དང་། ཞུང་ཨན་ཁུལ་གསར། གནའ་བོའི་ཕོ་བྲང་། ཐེན་ཐན་སོགས་ས་ཆར་བསྐྱོད་དེ་པེ་ཅིང་གི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་འཕོ་འགྱུར་མྱོང་རོལ་བྱས་ལ། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཤེས་རྟོགས་ཀྱང་བྱས་ཡོད། ལྟ་སྐོར་ཚོགས་པའི་ཁོངས་མི་ཚང་མས་ད་ཐེངས་ཀྱི་ལྟ་སྐོར་དང་སློབ་སྦྱོང་གི་མྱོང་འཆར་དང་། བསམ་ཚུལ། བློ་སྐྱེད་བཅས་ཕ་ཡུལ་དུ་འབྱོར་རྗེས་ལས་ཀའི་ཁྲོད་སྤྱད་དེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།