དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལག་གདང་སྦྲེལ་ནས་མདུན་དུ་སྐྱོད། འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན།

    ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30འཁོར་བའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བདུན་པའི་རུ་དཔོན་དང་སྨན་པ་ཝང་ཀྲེང་ཅང(གཡོན་གྱི་དང་པོ)གིས་སྨན་གླིང་གྲོང་ཁྱེར་འཐིམས་པ་རོང་གྲོང་ཚོའི་ནད་པ་ཟླ་བ་བཟང་པོར(གཡས་ཀྱི་དང་པོ)ནད་གཞིའི་སྐོར་འགྲེལ་བཤད་རྒྱག་བཞིན་པ། (དཔྱད་གཞིའི་པར)

    ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ནི་མིག་སྔར་རྒྱལ་ཡོངས་སུ་ས་བབ་མཐོ་ཤོས་ཀྱི་བོད་སྐྱོར་སློབ་ཆུང་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པས་ཆ་སྒྲིག་རོགས་སྐྲུན་བྱས་པ་ཞིག་ཡིན་པ་དང་2012ལོར་སྤྱོད་འགོ་ཚུགས་ཤིང་། འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་སློབ་སྤྱི་གཞོན་པ་ཉི་བསྟན་གྱིས་སློབ་མ་ཚོར་འཚོ་བཅུད་ལྡན་པའི་ཟ་མ་སྤྲོད་བཞིན་པ། (དཔྱད་གཞིའི་པར)

    1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་རེས་མོས”བཅས་ཀྱི་ཁ་གཏད་བོད་སྐྱོར་བྱེད་ཕྱོགས་ཐེངས་དང་པོར་བཏོན་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་གཏན་ལ་ཕབ་པ་རེད། དེ་ཉིད་འགོ་འཛུགས་སར་བྱས་ནས་བོད་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་གྲོང་ཁྱེར་གཞན་དང་མཉམ་དུ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།

    ལོ་སུམ་ཅུའི་རིང་། བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1995ལོའི་སྒོར་དུང་ཕྱུར་56.1ནས་2023ལོའི་སྒོར་དུང་ཕྱུར་2392.67བར་འཕར་ཏེ་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བོད་ཀྱི་མཆོང་སྐྱོད་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་སྦྲགས་རང་རྒྱལ་གྱི་སྐྱེ་བོ་ཀུན་སྤོབས་པ་སྐྱེ་གི་ཡོད།

    ལོ་སུམ་ཅུའི་རིང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཤིང་། ཁག་10ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁྲི་1.2ཙམ་བོད་དུ་ཡོང་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། གནའ་ཉམས་དོད་ལ་ངོ་མཚར་ཆེ་བའི་ས་ཆ་དེའི་ཐོག་སྐྱེ་སྟོབས་ཀྱི་དཔལ་འབར་བར་གྱུར།

    ཀྲུང་དབྱང་གི་རྒྱབ་སྐྱོར་ནི་བོད་འཕེལ་རྒྱས་འགྲོ་བའི་གཏིང་ཤུགས་ཆེ་ཤོས་ཡིན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ཀྱི་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་འཐབ་འགོད་ཇུས་འདོན་གནང་སྟེ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”ཆོད་གཏམ་གལ་ཆེན་བཏོན་ནས། མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་གྱི་དམིགས་བསལ་གནས་བབ་ནན་བཤད་གནང་ཡོད། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཁ་གསལ་བཟོས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་བོད་ཀྱི་ལས་དོན་ལ་བསམ་གཞིག་གཏིང་ཟབ་གནང་གི་ཡོད། 1998ལོའི་ཟླ་6པར། སྐབས་དེར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་རུ་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་ལྷ་ས་དང་། ཉིང་ཁྲི ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་དུ་རྟོག་ཞིབ་གནང་བ་མ་ཟད། སྐུ་ངོ་མས་ཧྥུའུ་ཅན་གྱི་ཁ་གཏད་བོད་སྐྱོར་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། 2011ལོའི་ཟླ་7པར། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་མི་ཚོགས་པའི་ཚོགས་གཙོ་གནང་སྟེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་སྐབས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བསྟན་གནང་ཡོད། ཟླ་7ཚེས་20ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ལྷ་སར་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་དང་། འགན་འཁྲི་ལྕི་བ། འོས་འགན་གཟི་བརྗིད་ལྡན་པ་བཅས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་ལེན་ཏན་ཏིག་བསྟར་ནས“ཐོག་མཐའ་བར་གསུམ་དུ་ལྔ”སྒྲུབ་གང་ཐུབ་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ཐོག“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”ཞེས་པའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དང“ངེས་པར་དུ་བཅུ”བཏོན་ཡོད་པ་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་སྲིད་ཇུས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་བཤད་གནང་བ་རེད།

    “རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་3འཁོར་བའི་གྲུབ་འབྲས་འགྲེམས་སྟོན”དུ་སྐྱོད་སྐབས། ལྷ་སའི་གྲོང་མི་སྒྲོལ་མས“ང་རང་ནི་ཆུང་དུས་ནས་བོད་དུ་འཚར་ལོངས་བྱུང་བ་ཞིག་ཡིན། བོད་ཀྱི་འགྱུར་ལྡོག་དང་བྱ་གཞག་ཁག་གི་ཡར་ཐོན་ཚང་མ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཅེས་སྐྱོང་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་ཀྱིས་བོད་ལ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཏོན་གནང་བ་ནི་ང་ཚོའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 1980ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་ནས་ད་བར་ཀྲུང་དབྱང་གིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་25707.26བཏང་སྟེ་བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་ལས། བོད་ཀྱི་སྤྱི་ཚོགས་ཉིན་རེ་བཞིན་རྣམ་པ་གསར་པར་འགྱུར་བ་དང་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། བྱམས་བརྩེའི་ཐུགས་ཁུར་ལས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐུབ་ཡོད།

    རྒྱལ་ཡོངས་ཀྱི་རོགས་སྐྱོར་ནི་བོད་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཡིན།

    ལོ་29འདས་ཟིན་རུང་ཀྲེ་ཅང་ཞིང་ཆེན་གྱི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་ཅང་ཅུན་གྱིས་ནག་ཆུར་ཐོག་མར་སླེབས་སྐབས་ཀྱི་རྣམ་པ་སྔར་བཞིན་དྲན་གྱི་ཡོད་པ་སྟེ། ཆ་སྙོམས་སྤྱི་ལེ་ངོས་གྲུ་1500རེར་སློབ་ཆུང་གཅིག་ལས་མེད་པ་དང་ལོ་རིམ་གསུམ་པ་འགྲིམས་རྗེས་ཕྲུ་གུ་72%སློབ་མཚམས་ཆད་ནས་ཕ་མེས་བཞིན་ལུག་རྫི་བྱེད་ཀྱི་ཡོད། སྐབས་དེར་ལོ་28ལ་སླེབས་པའི་ཁོང་གིས་དམིགས་བསལ་གྱི“ཁྱིམ་དུ་ཡི་གེ”ཞིག་བྲིས་ནས“ཧང་ཀྲོའུ་ཡི་མི་ཚང་མས་འཁྱགས་པ་བྱེ་རིལ་རྐང་གཅིག་དང་ཐ་མག་རྐང་གཅིག་གི་དངུལ་གྲོན་ཆུང་བྱས་ན་ཕུགས་རེའི་སློབ་ཆུང་གསུམ་བཞི་ཙམ་འཛུགས་ཐུབ”ཅེས“རྒྱབ་ཕྱོགས་ཆེན་མོར”རོགས་སྐྱོར་རེ་ཞུ་ཕུལ། ཅང་ཅུན་གྱི་འཕྲིན་ཡིག《ཧང་ཀྲོའུ་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོའི་ཐོག་བཀོད་རྗེས་དུས་ཐུང་གཟའ་འཁོར་གཅིག་ནང་གྲོང་མི་ཁྲི་5.6ལྷག་ཙམ་དང་ཁེ་ལས་120ལྷག་ཙམ་གྱིས་དངུལ་སྒོར་ཁྲི་225ཞལ་འདེབས་ཕུལ་ཡོད། 1996ལོའི་ལོ་སྨད་དུ་ཕུགས་རེའི་སློབ་ཆུང་4ནག་ཆུར་སྔ་རྗེས་སུ་བཙུགས་པ་དེ་ནི་རྡོ་རིང་རེ་རེ་བོད་བྱང་ཐང་དུ་འགྱིང་ངེར་གནས་དང་གཉིས་སུ་མ་མཆིས། ད་ཆ་ནག་ཆུའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་2023ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་ལོན་ཚད་95.56%ཟིན་ཡོད།

    བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30ཡི་རིང་གཏམ་རྒྱུད་དེ་ལྟ་བུ་མང་པོ་ཐོན་ཡོད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁྲི་1.2ཙམ་གྱིས་སྔོན་ཐོན་གྱི་འདུ་ཤེས་དང་། ཐོན་སྐྱེད་ལག་རྩལ། དོ་དམ་ཉམས་མྱོང་བཅས་ཁྱབ་གདལ་བཏང་བས་ས་མཐོར་འཕེལ་རྒྱས་མྱུར་པོ་བྱུང་སྟེ་བོད་དང་ལྗོངས་ཕྱིའི་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་ཕྱིན་ཡོད།

    བོད་དུ་སྨན་པ་དང་སྨན་རྫས་དཀོན་པ་དང་སློབ་གསོའི་རྨང་གཞི་ཞན་པའི་གནས་བབ་ལ་འགྱུར་ལྡོག་སྔར་བས་གཏོང་ཆེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཏོན་པ་རེད།

    སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུན་ཀྲུང་དབྱང་གིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར(ཚན་པ)དང་མཐུན་སྦྱོར་སྒྲིག་འཛུགས་བྱས་ཏེ་ཁག་10ཡི་རིགས་གཅིག་མཁས་ཅན་2000ལྷག་ཙམ་བོད་དུ་མངགས་ནས་ལས་དོན་སྤེལ་བར་རིམ་རྩིས་བརྒྱབ་ན། རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་4400ལྷག་ཙམ་སྤེལ་བ་དང་། སྔོན་ཐོན་ཉམས་མྱོང་1800ལྷག་ཙམ་ཁྱབ་གདལ་བཏང་བ། རང་ལྗོངས་ཀྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་2500ལྷག་ཙམ་གསབ་པ།“1+7”སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དེ་སྔ་ལས་ལྡབ་གཅིག་འཕར་བ་བཅས་མི་རིགས་ཁག་གི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད།

    ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་འདེམས་གཏོང་བྱེད་པའི་སྤྱིའི་འཆར་གཞིའི་ནང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་བཅུག་པ་དང་བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་མི་ཐེངས་2100ལྷག་ཙམ་གྱིས་སློབ་ཁྲིད་བྱེད་སྟངས་དེ“སྤུས་ལེགས་སློབ་ཁང”ནས“ཟབ་གཏོང་སློབ་ཁང”དུ་བསྒྱུར་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་བཏང་སྟེ། སློབ་ཁྲིད་བྱེད་སྟངས་ཁག་200ལྷག་ཙམ་ལེགས་སུ་བཏང་ཡོད། ས་གནས་དེ་གའི་དགེ་རྒན་2500ལྷག་ཙམ་དང་ཚོགས་པ་150ལྷག་ཙམ་ལ་རོགས་ཁྲིད་བྱས་པས་རོགས་སྐྱོར་ཐོབ་པའི་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21གི་བྱ་གཞག་ཁག་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་རུ་རྒྱུན་ཆད་མེད་པར་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས“སློབ་གྲྭ་གཅིག་ལ་རོགས་སྐྱོར་དང་ས་ཁུལ་གཅིག་ལ་དཔེ་སྟོན་བྱེད་པའི”དམིགས་ཚད་མངོན་འགྱུར་ཡག་པོ་བྱུང་ཡོད།

    ལོ་30ཡི་རིང་བོད་སྐྱོར་དེ་ཉིད་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།

    རྒྱུན་མཐུད་འབད་འཐབ་བྱེད་པ་ནི་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བློ་སྟོབས་ཡིན།

    1995ལོ་ཚུན་དུ། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་20ལྷག་ཙམ་བསྟུད་མར་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། 2019ལོའི་ལོ་མཇུག་ཏུ་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་དང་རྒྱབ་སྐྱོར་འོག་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་ནས་བོད་ཀྱིས་དབུལ་པོ་དབུལ་ནག་གི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད།

    བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་དང་མགྱོགས་པོ་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་10%ཡན་ཟིན་ཡོད། 2023ལོར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.89ལྷག་ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.4ཡིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ཡིད་ཆེས་རབ་འཕེལ་བཅས་བྱས་པས་ས་མཐོར་འགྱུར་ལྡོག་ཆེན་པོ་ཡོང་བ་ལྡོག་ཏུ་མེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ཤིང་། རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག མཐོ་གསར་གྲངས་འཛིན། བོད་ལུགས་གསོ་རིག ས་མཐོའི་ཡང་བའི་བཟོ་ལས་སོགས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བརྒྱུད་བོད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་བཏོད་ཡོད།

    དཔལ་འབྱོར་གོང་འཕེལ་གཏོང་བ་དང་དུས་མཚུངས། རང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་དང་། ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བཅས་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱས་ཏེ་བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་པ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་ཡོད། དཔྱད་དཔོག་གསར་ཤོས་ལས་མངོན་པར། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་རེད།

    བོད་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཙོ་གནད་ཁྱབ་ཁོངས་དང་། ཁ་ཕྱོགས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཚད་བརྒལ་བྱེད་སར་མཐའ་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་མཐའ་དར། མཐའ་རྒྱུད་གསར་སྤེལ་སྒོ་འབྱེད། མི་རིགས་མཐུན་སྒྲིལ་ཤུགས་སྒྲིལ། ས་སྲུང་མཐའ་བརྟན་བཅས་ཀྱི་ལས་གྲྭ་ལག་ལེན་མགྱོགས་པོ་བསྟར་བ་རེད། མཐའ་མཚམས་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་མགྱོགས་ཙམ་བྱུང་བ་དང་། འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ། སྒྲིག་ཁོངས་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་པ་བཅས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་འཚོ་བ་ཕྱུག་ཏུ་ཕྱིན་ཡོད།

    བོད་ཀྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་པར་ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དགོས་མོད། འོན་ཀྱང“བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི”བློ་སྟོབས་ནི་དེ་བས་མེད་དུ་མི་རུང་བ་ཞིག་རེད།

    མི་སེམས་གཅིག་སྒྲིལ་གྱིས་བོད་འཕེལ་རྒྱས་གཏོང་བའི་དཔའ་ཉམས་གཅིག་ཏུ་འདུས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཏོན་གནང་བའི“ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར”བརྩི་དགོས་ཞེས་པ་སོགས“ངེས་པར་དུ་བཅུའི”དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་དུས་རབས་གསར་པར་བོད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་རྒྱག་སའི་ཁ་ཕྱོགས་ནི་དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་རྒྱུ་དེ་ཡིན་པ་གསལ་འགྲེལ་གནང་ཡོད།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས།

    ——སྟོན་ཕྱོགས་མངོན་གསལ་དོད་པའི་སྲིད་ཇུས་ཀྱིས་བོད་ཀྱི་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱས་ཤིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ས་གནས་དེ་གའི་ལོ་འཁོར་གོང་མའི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་སྟོང་ཆ་གཅིག་བོད་སྐྱོར་མ་དངུལ་ལ་བཏང་བ་དང་བོད་སྐྱོར་རྣམ་གྲངས་དང་མ་དངུལ་བེད་སྤྱོད་བྱེད་སྐབས“གཟིགས་སྐྱོང་གཉིས”དང“80%གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཡོད།

    ——བོད་ཀྱི་མང་ཚོགས་ཀྱི“བདེ་སྡོད་ཕུགས་འདུན”མངོན་འགྱུར་བྱུང་ནས་ཞིང་འབྲོག་ཁུལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40ཡན་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་། ཡོང་འབབ་དམའ་ཞིང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་། ཁོར་ཡུག་གཙང་སྦྲ་བ། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ། དཀའ་ངལ་ཡོད་པའི་ལས་བཟོ་སོགས་ཀྱི་ཚོགས་སྤྱིར་གཙོ་གནད་ཐོག་འགན་སྲུང་ཐུབ་ཡོད།

    —— “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ས་མཐོར་ཐོག་མར་ཤར་གཏོང་ཐུབ་པ་དང་འོད་སྐུད་དྲ་ཆེན་དང་4Gབརྡ་རྟགས་སྤྱིར་ན་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་ཡོད། མཚོ་བོད་དང་། ཁྲོན་བོད། བོད་དབུས་རྒྱུད། མངའ་རིས་བཅས་ཀྱི“གློག་ཤུགས་མཁའ་ལམ”བཞི་རང་སྐྱོང་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74དང་སྦྲེལ་མཐུད་ཐུབ་པ་དང་། གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12ལས་བརྒལ་བ། དམངས་སྤྱོད་མཁའ་ལམ་154ཟིན་ཡོད།

    —— བོད་ཀྱི་མི་ཁྲི་10རེའི་ནང་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་ཁྲི་1.1ལྷག་ཙམ་ཟིན་པ་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.78%ཟིན་ཡོད། ལྗོངས་ཡོངས་ཀྱི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་འཆི་ཚད་མི་ཁྲི་བཅུ་རེ་ནང་མི་38.63བར་ཆག་པ་དང་། ཕྲུ་གུ་དམར་འབྱར་འཆི་ཚད་སྟོང་ཆ་5.37བར་ཆག་པ། སྨན་ཁང་དུ་ཕྲུ་གུ་བཙའ་ཚད་99.15%ཟིན་པ། མི་རེའི་ཆ་སྙོམས་རེ་སྨོན་ཚེ་ཚད་ལོ་72.19ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།

    —— ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ནང་ཞུགས་མཁན་མི་གྲངས་ཁྲི་319ཟིན་ནས་འགན་བཅོལ་བྱེད་དགོས་རིགས་ཚང་མར་འགན་བཅོལ་ཐུབ་ཡོད། 2014ལོའི་ཟླ་7པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ཚུན་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་176.15ཟིན་ཡོད། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལས་བརྒལ་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ཚང་མ་ལས་ཞུགས་རྒྱུན་མཐུད་ཐུབ་པར་བྱས་ཡོད།

    མི་རིགས་ཁག་གི་མང་ཚོགས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་དང་དེ་ཙམ་གྱིས་མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཇུས་ཤུགས་མཉམ་འདོན་དང་བྱེད་མཁས་ལ་རྗེས་ཐོན་པར་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན་པ་གངས་ལྗོངས་ཀྱི་བུ་ཕྲུག་ཁྲི་ཚོ་360ལྷག་ཙམ་ལ་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།