དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གངས་ལྗོངས་ས་མཐོའི་སློབ་གསོའི་བྱ་གཞག་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་པ།

    —— པེ་ཅིང་གི་ལོ་བཅུའི་རིང་གི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    འདི་ནི་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་པེ་ཅིང་གྲོང་ཁྱེར་ཉིའུ་ལན་ཧྲན་སློབ་འབྲིང་དང་པོའི་ཚོད་ལྟའི་སློབ་གྲྭའི“དྲ་སྦྲེལ་མཉམ་སྦྱོང”གི་དགེ་རྒན་གཉིས་ཀྱི་སློབ་ཁང་ཡིན་པ། མཱ་ཤའོ་ཡ་ཡིས་པར་བླངས་པ།

    འདི་ནི་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཚོ་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་སློབ་འབྲིང་ལྔ་པར་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་བཞིན་པ། མཱ་ཤའོ་ཡ་ཡིས་པར་བླངས་པ།

    2014ལོའི་ཟླ་8པར། པེ་ཅིང་གྲོང་ཁྱེར་གྱིས་སློབ་གསོའི་ཁོངས་གཏོགས་བོད་སྐྱོར་དགེ་རྒན་འདེམས་མངགས་བྱས་ཏེ་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཁག་དང་པོའི་དགེ་རྒན་50འདེམས་མངགས་བྱས་ནས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལག་ལེན་བསྟར་འགོ་ཚུགས་ཡོད། ལོ་10ཡི་རིང་པེ་ཅིང་གིས་སློབ་གསོའི་ཤེས་ལྡན་པ་299ལྷ་སར་སློབ་སྐྱོར་བྱེད་པར་འདེམས་མངགས་བྱས་པ་དང་ཁོང་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་མུ་མཐུད་འབད་བརྩོན་བྱས་ཏེ་ས་གནས་དེ་གའི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད་པ་རེད།

    དྲ་སྦྲེལ་ཐོག་མཉམ་སྦྱོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པ།

    【མཐོང་སྣང】 སློབ་ཚན་ཚུགས་པའི་དྲིལ་བརྡ་གྲགས་པ་དང་སྦྲགས་བོད་སྐྱོར་དགེ་རྒན་ཝང་རུའེ་ལེ་ཡིས་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བརྒྱུད་ལམ་སྣེ་མང་སློབ་ཁང་ནང་བསྐྱོད། གློག་རྡུལ་འཆར་ཤེལ་བརྒྱུད་ཅིང་བོད་ས་གནས་གཉིས་ཀྱི་དགེ་རྒན་ཚོས་འཆར་ཤེལ་ཐོག་ནས་ཕན་ཚུན་མཛའ་བརྩེའི་འཚམས་འདྲི་བྱས་རྗེས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོགས་འགོ་ཚུགས་པ་རེད།

    སྲོལ་རྒྱུན་སློབ་ཚན་དང་མི་འདྲ་བར་འདི་ནི་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་སློབ་འབྲིང་དང་པོའི་སློབ་མས་མཉམ་དུ“དྲ་སྦྲེལ”ཐོག་སློབ་ཚན་འཚོགས་པ་ཞིག་རེད།

    “ང་ཚོའི་འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་ཞིག་དང་མི་རིགས་ཁག་གི་རིག་གནས་ཕན་ཚུན་འོད་མདངས་འཕྲོ་བ་དང་ཀྲུང་ཧྭའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དེ་ནི་དེང་གི་ང་ཚོའི་རིག་གནས་གདེང་ཚོད་ཀྱི་རྩ་བ་ཞིག་རེད”ཅེས་ཝང་རུའེ་ལེ་ཡིས་སློབ་ཚན་འཚོགས་མ་ཐག་དེ་ལྟར་བརྗོད་ནས་སློབ་གྲྭ་གཉིས་ཀྱི་སློབ་མའི་སྤེལ་རེས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་བདེ་ཆེན་དཔལ་འཛོམས་ཀྱིས་འཆད་སྟེགས་ཐོག་ལངས་ནས་ལྷ་མོའི་པར་རིས་བསྟན་ཏེ“ལྷ་མོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེའི་ནང་རོལ་དབྱངས་དང་། ཞབས་བྲོ། ཟློས་གར་སོགས་སྒྱུ་རྩལ་རྣམ་པ་སྣ་ཚོགས་འདུས་ཡོད་པས་དེ་ནི་བོད་རིགས་མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྲོལ་རྒྱུན་རིག་གནས་ཀྱི་འཁྲབ་སྟོན་ཞིག་དང་། ཀྲུང་ཧྭའི་ཟློས་གར་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་གྱི་འཁྲབ་ཚན་རིགས་ཤིག་རེད”ཅེས་ངོ་སྤྲོད་བྱས།

    འཆར་ཤེལ་གྱི་ཕྱོགས་གཞན་ཞིག་ཏུ་པེ་ཅིང་གི་སློབ་མ་ཚོས“འཛམ་གླིང་ཐོག་ད་ཆ་ཉར་ཚགས་ཆ་ཚང་ཤོས་བྱས་པའི་སྲོལ་རྒྱུན་གྱི་རྒྱལ་སའི་དཀྱིལ་ཐིག་སྟེ་རིང་ཚད་སྤྱི་ལེ་7.8ཟིན་པའི་པེ་ཅིང་གི་དཀྱིལ་ཐིག་ལས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ཐད་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གསར་གཏོད་རླབས་པོ་ཆེ་དང་ཁྱད་དུ་འཕགས་པའི་འཇོན་ཐང་གཅིག་སྡུད་ཐོག་མངོན་ཡོད”ཅེས་དཀྱིལ་ཐིག་གི་མངོན་མིན་རིག་གནས་ཤུལ་བཞག་གི་གཏམ་རྒྱུད་སྐོར་གསོན་ཉམས་དོད་པོས་བརྗོད།

    ད་ཕན་ལོ་ཤས་རིང་། པེ་ཅིང་གིས་རོགས་སྐྲུན་བྱས་པའི་དྲ་རྒྱའི་ལག་རྩལ་གྱི་རྒྱབ་སྐྱོར་འོག ཅིང་བོད་ས་གནས་གཉིས་ཀྱི་དགེ་སློབ་ཚོའི“དྲ་སྦྲེལ་ཐོག་མཉམ་སྦྱོང”བྱེད་སྟངས་ཉིན་བཞིན་ཚགས་ཚུད་དུ་འགྲོ་བཞིན་ཡོད། “དྲ་ཐོག་ནས་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དང་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་སོགས་གྲགས་ཅན་རྟེན་མཛོད་ཁང་གིས་ལྷ་སའི་དགེ་སློབ་ཚོར་དྲ་ཐོག་རྟེན་མཛོད་ཁང་གི་སློབ་ཚན་བཀོད་སྒྲིག་བྱས་ཤིང་། “པེ་ཅིང་དང་ལྷ་སའི་གཞོན་ནུ་ལོ་ཆུང་གི་དྲ་ཐོག་མཉམ་གཞས་ཀྱི་རིམ་སྤེལ་བྱེད་སྒོའི”ཁྲོད་ས་གནས་གཉིས་ཀྱི་སློབ་གྲྭ་5ཡི་སློབ་མ་50ཡིས་གླུ་གཞས་མཉམ་དུ་བཏང་བ་དང་སྙན་འཇེབས་ལྡན་པའི་གླུ་སྒྲའི་ཁྲོད་ཕྲུ་གུ་ཚོའི་སེམས་པ་ཕན་ཚུན་དམ་པོར་སྦྲེལ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་ཚེ་དབང་བདེ་སྐྱིད་ཀྱིས་སྤྱི་སྐད་དང་བོད་སྐད་ཀྱི་ཐོག་ནས་གནའ་བོའི་སྙན་ངག་དུམ་བུ་ཞིག་སྐད་གསང་པོས་བཀླགས། ན་ནིང“དྲ་ཐོག་ཏུ་རང་རྒྱལ་གྱི་གནའ་བོའི་རིག་གནས་སྦྱོང་བའི”བྱེད་སྒོའི་ནང་ཞུགས་པའི་ཉམས་མྱོང་ལས་ཁོང་གནའ་བོའི་སྙན་ངག་ལ་དགའ་ཞེན་སླེབས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྦྱོང་སེམས་ཆེན་པོ་སྐྱེས་ཡོད་པ་རེད།

    “ཅིང་བོད་སློབ་མས་མཁོ་འདོན་བྱས་པའི་རང་རྒྱལ་གྱི་གནའ་བོའི་རིག་གནས་སྦྱོང་བའི་སྒྲ་ལམ་དང་བརྙན་ལམ་དེ་དག་ས་ཆ་གཉིས་ཀྱི་སློབ་མ་ཚོའི་རྩ་ཆེ་ལ་རྒྱུན་ཆད་མེད་པར་ཚགས་ཚུད་དུ་འགྲོ་བའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཤིག་ཏུ་གྱུར་ཡོད”ཅེས་པེ་ཅིང་བོད་སྐྱོར་ལས་བྱེད་པ་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཞའོ་ཡུས་ཀྱིས་བརྗོད་པ་དང་། ཁོང་གིས་ཅིང་བོད་ས་ཆ་གཉིས་ཀྱི་དགེ་སློབ་ཚོས“དྲ་སྦྲེལ་མཉམ་སྦྱོང”བྱེད་པ་དེ་རིམ་གྱིས་རྒྱུན་གཏན་ཅན་དུ་གྱུར་ཡོད། པེ་ཅིང་གིས་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དེ་བས་མང་བ་མུ་མཐུད་གཅིག་སྡུད་བྱས་ཏེ་ཅིང་བོད་ས་ཆ་གཉིས་ཀྱི་སློབ་མ་ཚོར་ཕུན་སུམ་ཚོགས་པའི་ལག་ལེན་ཁྲོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་སུ་འཇུག་རྒྱུ་ཡིན་ཞེས་བརྗོད།

    སྤེལ་རེས་དང་ཕན་ཚུན་འཚམས་འདྲི་བྱས་ནས་མཛའ་འབྲེལ་ཟབ་མོ་ཆགས་པ།

    【མཐོང་སྣང】 ཟླ་6ཚེས་18ཉིན་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་2024ལོའི“མཛེས་རྩལ་སློབ་གསོས་བུ་ཕྲུག་བཟང་པོ་སྐྱོང”ཞེས་པའི་གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་དུས་ཆེན་གྱི་མི་རིགས་ཞབས་བྲོའི་ངོ་མཚར་ཆེ་བའི་ཆེད་དོན་འཁྲབ་སྟོན་བྱས་ཤིང་། ཅིང་བོད་ས་ཆ་གཉིས་ཀྱི་གཞོན་ནུ་ལོ་ཆུང་400ཙམ་གྱིས་པེ་ཅིང་དུ་འཛོམས་ནས་མཉམ་དུ་ཞབས་བྲོ་འཁྲབ་ནས་སྒྱུ་རྩལ་སྤེལ་རེས་བྱས་ཏེ་གཞོན་ནུ་ལོ་ཆུང་གིས་མཛེས་སྡུག་ལྡན་པའི་འཚོ་བ་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་དར་རྒྱས་བཅས་ལ་འཛིན་པའི་སྤྲོ་སེམས་དང་དོན་གཉེར་བྱེད་སེམས་འཕེལ་བར་བྱས་པ།

    “འདི་ནི་ང་རང་པེ་ཅིང་དུ་ཡོང་ཐེངས་དང་པོ་ཡིན་ལ། རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐེངས་དང་པོའང་ཡིན་པས། སེམས་འཚབ་ཀྱི་འདུག་ལ་དགའ་ཚོར་ཡང་ཆེན་པོ་འདུག ང་ཚོའི་ལེ་ཚན《སྐྱིད་པའི་དུང་རྒྱག》འཁྲབ་སྟོན་ཧ་ཅང་ཡག་པོ་བྱུང་སོང་། སྒྱུ་རྩལ་དུས་ཆེན་སྐབས་རྗེས་མར་ཡང་ད་དུང་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་བསྟན་འཛིན་བདེ་ཆེན་གྱིས་བརྗོད།

    པེ་ཅིང་དུ་ལྟ་སྐོར་ལ་འགྲོ་རྒྱུ་ནི་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་འབྲིང་འཛིན་གྲྭ་གཉིས་པའི་སློབ་མ་བཀྲ་ཤིས་ཆོས་སྒྲོན་གྱི་ད་བར་གྱི་ཕུགས་བསམ་རེད། འཁྲབ་སྟོན་གྱི་བར་གསེང་དུ་སེམས་རྩ་འཁོལ་ལ་བློ་བག་ཡངས་བའི་བཀྲ་ཤིས་ཆོས་སྒྲོན་ལ་པེ་ཅིང་ནས་གྲོགས་པོ་མང་པོ་ངོ་ཤེས་ཡོད།

    ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རུ་སྣེ་འཁྲིད་མཁན་རྒན་བཅོ་ལྔ་ལྷ་མོས“‘མཛེས་རྩལ་སློབ་གསོས་བུ་ཕྲུག་བཟང་པོ་སྐྱོང”ཞེས་པའི་གཞོན་ནུ་ལོ་ཆུང་སྒྱུ་རྩལ་དུས་ཆེན་གྱིས་བོད་རིགས་ཕྲུ་གུ་རྣམས་པེ་ཅིང་དུ་སྤེལ་རེས་སློབ་སྦྱོང་ལ་སྐྱོད་པའི་ནང་དོན་དང་ཁྱབ་ཁོངས་ཕུན་སུམ་ཇེ་ཚོགས་སུ་བཏང་བས། ཕྲུ་གུ་ཚོ་ཧ་ཅང་དགའ་པོ་བྱུང་འདུག་ལ། ད་རེས་ཀྱི་སློབ་སྦྱོང་སྤེལ་རེས་ཀྱི་གོ་སྐབས་ལའང་གཅེས་འཛིན་ཆེན་པོ་བྱེད་ཀྱི་འདུག ས་ཆ་གཉིས་ཀྱི་ཕྲུ་གུ་ཚོས་ནང་སྦྱོང་བྱེད་རིང་ཕན་ཚུན་སྤེལ་རེས་དང་རོགས་རམ་བྱས་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད”ཅེས་བརྗོད།

    སློབ་མ་རྣམས་པེ་ཅིང་དུ་ཟླ་བ་གཅིག་ནས་སློབ་དུས་གཅིག་བར་གྱི“མཉམ་འདྲེས་རྣམ་པའི་ཚོགས་པ་ཅན་གྱི་ལྟ་སྐོར་སློབ་སྦྱོང”བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པས། ས་ཆ་གཉིས་ཀྱི་སློབ་མ་རྣམས་མཉམ་འདྲེས་རྣམ་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཁྲོད་དུ་ཕན་ཚུན་རྒྱུས་ལོན་དེ་བས་ཟབ་མོ་བྱུང་ཡོད།

    འདི་ལོའི་ཟླ་4པར་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ་30ཡིས་རིག་གནས་སྦྱོང་བའི་འདུན་པ་ཆེན་པོ་བཅངས་ཏེ་པེ་ཅིང་དགེ་འོས་སློབ་ཆེན་ཡན་ཧྭ་ཞོར་གཏོགས་སློབ་འབྲིང་དུ་བསྐྱོད་ནས་དུས་ཡུན་ཟླ་བ་གཉིས་དང་ཟླ་ཕྱེད་ཀྱི་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཡོད། སློབ་ཚན་འཚོག་སྐབས་ཁོང་ཚོས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་དང་། རྒན་ལགས་ཀྱིས་བསླབས་པའི་ཤེས་བྱ་རྣམས་ཟིན་བྲིས་ནན་ཏན་ངང་བཀོད་ཡོད། སློབ་ཚན་གྲོལ་རྗེས་ཁོང་ཚོས་གནམ་བདེ་སྒོ་མོ་ཆེ་དང་། ལྕགས་རི་རིང་པོ། ཧྥང་ཧྲན་ས་གཤིས་རྟེན་མཛོད་ཁང་སོགས་སུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་བྱེད་སྒོར་ཞུགས་ཡོད།

    “ཕྲུ་གུ་ཚོའི་མིག་རྒྱང་རིང་དུ་གཏོང་དགོས་ལ། རིག་གནས་སློབ་པར་ཡང་མཐོང་ཆེན་བྱས་ནས་ཕྲུ་གུ་ཚོའི་སློབ་སྦྱོང་ཡར་རྒྱས་དངོས་འབྲེལ་ཡོང་བ་བྱེད་དགོས”ཞེས་ཡན་ཧྭ་ཞོར་གཏོགས་སློབ་འབྲིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་ལི་མེ་ཡིས་བཤད་པ་དང་། ཁོང་གིས་སློབ་གྲྭས་ད་དུང་འགྲན་སློང་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཏེ། སློབ་མར་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱེད་པ་དང་། ཚན་ཞིབ་ཚོད་ལྟ་བྱེད་པ། དུས་དཀྱིལ་སྙན་ཞུ་འབྲི་བ། མཇུག་འགྲིལ་རྩོད་རྒྱུགས་གཏོང་བ་སོགས་སློབ་སྦྱོང་གི་ལྷུ་ཚིགས་ལེགས་སྒྲུབ་བྱེད་པར་ཁྲིད་སྟོན་བྱས་ཡོད་ཅེས་བཤད།

    པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་རོགས་སྐྱོར་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྥན་ཀྲུང་ཝེ་ཡིས“མཉམ་འདྲེས་རྣམ་པའི་ཚོགས་པ་ཅན་གྱི་ལྟ་སྐོར་སློབ་སྦྱོང”གི་ཉམས་མྱོང་བསགས་པའི་རྨང་གཞིའི་ཐོག་འབྱུང་འགྱུར་ཕྱོགས་གཉིས་ཀར་སྤེལ་རེས་བྱེད་པ་མངོན་འགྱུར་ཡོང་བའི་ཕྱོགས་སུ་འབད་བརྩོན་བྱས་ཏེ། ས་ཆ་གཉིས་ཀྱི་སློབ་གསོའི་ལས་དོན་པ་དང་སློབ་མ་ཕན་ཚུན་སློབ་སྦྱོང་དང་མིག་དཔེར་བཟུང་ནས་ཐུན་མོང་ཡར་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད།

    རྨང་རྩ་གཉིས་བརྟན་ཡོང་བ་བྱས་ཏེ་འདི་གར་ནམ་ཡང་གནས་ཐུབ་པའི་དགེ་རྒན་དཔུང་ཁག་ཅིག་སྐྱེད་སྲིང་བྱས་པ།

    【མཐོང་སྣང】 ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལོ་རིམ་གསུམ་པའི་རྩིས་རིག་སློབ་ཚན་ཐོག་བོད་སྐྱོར་དགེ་རྒན་ཁྲེན་ཡུས་ཅ་ཡིས་འཆད་སྟེགས་སྟེང་དུ་སློབ་ཚན་ཁྲིད་གནང་བ་དང་ལྷ་སའི་དགེ་རྒན་པད་མ་དབྱངས་ཅན་གྱིས་སློབ་ཁང་གི་གྲལ་མཇུག་ཏུ་བསྡད་ནས་ཟིན་བྲིས་ཞིབ་ཚགས་རྒྱག་བཞིན་ཡོད་ཅིང་། “རྒན་ལགས་ཀྱི་ས་ནས་སྦྱོང་རྒྱུ་མང་པོ་འདུག”ཅེས་པད་མ་དབྱངས་ཅན་གྱིས་ཡུལ་དེའི་དགེ་རྒན་མང་པོ་ཞིག་གི་སེམས་ནང་གི་སྐད་ཆ་ལྷུག་པོར་བཤད།

    “‘ཧེ་བག་རྡུལ་ཙམ་ལ་ཁྱད་པར་རི་ཙམ’ཞེས་པའི་གཏམ་དཔེ་དེ་ལས་ང་ཚོར་གལ་ཏེ་འགོ་འཛུགས་དུས་ནས་ཞིབ་ཆར་དོ་སྣང་མ་བྱས་ཚེ། ཧའོ་སྨི་1དང་ལི་སྨི་1གི་ནོར་འཛོལ་ཡིན་རུང་མཐའ་མཇུག་གི་འབྲས་བུར་ཁྱད་པར་ཆེན་པོ་ཤོར་ངེས་ཡིན་པ་བསྟན་ཡོད”ཅེས་རྩིས་རིག་སློབ་ཚན་ཐོག་ཁྲེན་ཡུས་ཅ་ཡིས་གཏམ་དཔེ་དེ་དྲངས་ནས་འཇལ་ཚད་བརྗེ་སྒྱུར་གྱི་ཐ་སྙད་དང་གོ་དོན་སློབ་ཁྲིད་བྱས་པས་པད་མ་དབྱངས་ཅན་དད་གུས་ཚད་མེད་སྐྱེས།

    མཉམ་དུ་འདྲི་གཞི་འདེམས་པ་དང་། སློབ་ཚན་གྱི་གྲ་སྒྲིག་བྱེད་པ། སློབ་ཁྲིད་འཆར་གཞི་བཟོ་བ་བཅས་བྱེད་སྐབས་ཁྲེན་ཡུས་ཅ་ཡིས་དམར་ཁྲིད་བྱས་པ་བརྒྱུད་པད་མ་དབྱངས་ཅན་གྱིས་སློབ་ཁྲིད་འདུ་ཤེས་གསར་བརྗེས་དང་སློབ་ཚན་ཁྲིད་སྟངས་བསྒྱུར་བས་སློབ་ཁྲིད་ཆུ་ཚད་མཐོ་རུ་ཕྱིན་ཡོད།

    “སློབ་གསོའི་བོད་སྐྱོར་ལ‘གཞན་རྟེན’བྱེད་དགོས་ལ། ད་དུང་ཡུལ་དེའི་འདུ་ཤེས་བསྒྱུར་བར་ཡང་རོགས་རམ་བྱས་ཏེ་འདི་གར་ནམ་ཡང་གནས་ཐུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས”ཞེས་བོད་སྐྱོར་དགེ་རྒན་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ལིན་ཅེ་ཡིས་དེ་ལྟར་བཤད་པ་དང་ཁོང་གིས་སློབ་གྲྭས་དགེ་རྒན་གྱི་ཆ་སྒྲིག་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་བོད་སྐྱོར་དགེ་རྒན་15ཚང་མ་ཞུགས་ནས་ལྷ་སའི་དགེ་རྒན་37དང་མཉམ་དུ་འཆད་སློབ་གཉིས་འཕེལ་དང་། ཕན་ཚུན་རོགས་རམ་དང་སློབ་སྦྱོང་། ཐུན་མོང་ཡར་རྒྱས་བཅས་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན་ལོ་གཅིག་བྱེད་རིང་བོད་སྐྱོར་དགེ་རྒན་ཀུང་དབྱི་ཧྥུང་གིས་རང་གི་ལས་ཀའི་ཉམས་མྱོང་བུམ་པ་གང་བྱོའི་ཚུལ་གྱིས་མཉམ་སྤྱོད་བྱས་ཤིང་། ལོ་རིམ་དང་པོར་བུ་བཅོལ་ཁང་དང་སློབ་ཆུང་འབྲེལ་མཐུད་ཀྱི་གསོ་སྦྱོང་གི་བྱེད་སྒོ་གསར་གཏོད་བྱེད་པ་དང་། “ཁྱིམ་ཚང་དང་སློབ་གྲྭ་འབྲེལ་མཐུད་ཀྱིས་ཞི་མཐུན་ངང་མཉམ་དུ་འཚར་ལོངས་ཡོང་བར་བྱེད”པའི་བརྗོད་དོན་གཙོ་བོའི་འཆད་འཁྲིད་གཉེར་བ། སྐེ་དར་དམར་པོའི་རྒྱང་བསྒྲགས་ས་ཚིགས་འཛུགས་པ། གཟའ་འཁོར་རེའི་ལས་རེས་འཛིན་གྲྭའི་ཡ་རབས་ལྟ་སྐུལ་ལས་གནས་འཛུགས་པ་སོགས་བྱས་པ་རེད།

    ལོ་10ཡི་རིང་པེ་ཅིང་གི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱིས་སློབ་གསོའི་བོད་སྐྱོར་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོའི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱེད་པ། རིག་སྟོབས་བོད་སྐྱོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད། དྲ་ཕྱིར་པེ་ཅིང་སློབ་གསོའི་བོད་སྐྱོར་གྱིས་གྲུབ་འབྲས་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་དང་སྙེ་མོ་སོགས་རྫོང་དང་ཆུས་ཀྱི་སློབ་གྲྭ་དང“ལག་གདང་སྦྲེལ་བའི”མཉམ་སྐྲུན་བྱེད་སྒོ་སྤེལ་བ་དང་། དགེ་རྒན་གཤམ་སྐྱོད་སློབ་ཁྲིད་དང་སྤེལ་རེས་བྱེད་པར་མངགས་ནས་ཡུལ་དེའི་གཞི་རིམ་གྱི་སློབ་གྲྭའི་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། དྲ་ཐོག་ཏུ“ཅིང་བོད་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་རྒྱང་ཁྲིད་མཉམ་སྒུལ་གྱི་སློབ་ཁྲིད་རྣམ་གྲངས”ལག་ལེན་བསྟར་ནས་རྒྱང་ཁྲིད་སློབ་ཚན་དང་དགེ་རྒན་གཉིས་ཀྱི་སློབ་ཚན་གྱི་བྱེད་སྒོ་ཐེངས་200ཙམ་སྤེལ་བ་དང་། ལྷ་སའི་དགེ་སློབ་ལ་པེ་ཅིང་གི་བར་སྣང་སློབ་ཐུན་ཐོན་ཁུངས་ཀྱི་རྩིས་ཨང་ཁྲི་9.8སྤྲད་དེ་དྲ་ཐོག་སློབ་ཁྲིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།