དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྩིས་རྒྱག་ནུས་པ་དང་། ནུས་སྤྲོད། ཐོན་ལས་བཅས་འགག་རྩ་གསུམ་ལ་དམིགས་ཏེ།

    ཀུའེ་ཀྲོའུ་ཡིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་གཏོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    ཀུའེ་ཀྲོའུ་རུ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གསར་པ་ཞིག་ཡིན་པའི་གྲངས་གཞི་དེ་ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག སྤྱི་ཚོགས་ཞབས་ཞུའི་དོ་དམ་སོགས་ཀྱི་ལྷུ་ཚིགས་སུ་མགྱོགས་མྱུར་མཉམ་འདྲེས་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་ཀྱི་གྲངས་གཞི་ཆེན་པོའི་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་པོ་ཡིན་པའི་ཀུའེ་ཀྲོའུ་རུ་འཛུགས་སྐྲུན་བྱེད་བཞིན་པ་དང་འཁོར་རྒྱུག་བྱེད་འགོ་ཚུགས་པའི་གཙོ་གནད་གྲངས་གཞིའི་ལྟེ་གནས་47ཡོད་པ་རེད།

    2021ལོའི་ཟླ་བ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་བརྟག་ཞིབ་གནང་བར་ཕེབས་ནས་ཀུའེ་ཀྲོའུ་ཡིས“གྲངས་འཛིན་དཔལ་འབྱོར་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་གོ་སྐབས་གསར་པ་བརྩོན་ལེན”བྱ་རྒྱུའི་ཐུགས་རེ་གནང་ཡོད། 2022ལོའི་ཟླ་དང་པོར《ཀུའེ་ཀྲོའུ་ཡིས་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ཁྲོད་ལམ་བུ་གསར་པ་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཀྲམ་ནས་ཀུའེ་ཀྲོའུ་ལ“གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གསར་གཏོད་ཁུལ”གྱི་འཐབ་ཇུས་ངེས་གནས་སྤྲད་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀུའེ་ཀྲོའུ་ཡིས་ནུས་ཤུགས་ཡོད་རྒུས་གོ་སྐབས་གསར་པ་བརྩོན་ལེན་བྱས་ནས་རྩིས་རྒྱག་ནུས་པ་དང་། ནུས་སྤྲོད། ཐོན་ལས་བཅས་འགག་རྩ་གསུམ་ལ་དམིགས་ཏེ་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་གང་ལེགས་བཏོན་ནས་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་གསར་གཏོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲངས་གཞིའི་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་རེད།

    གྲངས་གཞིའི་རིན་ཐང་སྔར་བས་འདོན་སྤེལ་བྱས་ཏེ་ཀུའེ་ཀྲོའུ་ཡིས་བཟོ་ལས་གཞན་སྒྱུར་དང་། རིག་ལྡན་གྲོང་ཁྱེར། གྲངས་འཛིན་གྲོང་གསེབ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། སྤྱི་པའི་ཞབས་ཞུ་བཅས་གཙོ་གནད་ཁྱབ་ཁོངས་5ལ་དམིགས་ཏེ་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་བའི་རྣམ་པ་གསར་གཏོད་དང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཀུའེ་ཀྲོའུ་བ་གླང་ཐོན་ལས་ཚོགས་པས་གསར་སྤེལ་བྱས་པའི་གྲངས་འཛིན་གཉེར་སྐྱོང་དོ་དམ་ལས་སྟེགས་དེ་གསོ་སྤེལ་དང་། གཟན་ཆག་བསྟེར་བ། ཕྱིར་ཚོང་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད། 2023ལོར་མ་ལག་དེ་མཉམ་ལས་ཁེ་ལས་83ལ་རིན་མེད་ངང་མཉམ་སྤྱོད་བྱས་པ་དང་དེའི་དབང་གིས་ཏཱ་ཧྥང་རྫོང་གི་བཤས་གླང་གསོ་སྤེལ་དུད་ཚང་ཝང་ཝུན་ཧྥང་ཁྱིམ་གྱི་གསོ་སྤེལ་མ་གནས་5%ཡན་ཆག་པ་རེད། “བ་གླང་མང་པོ་དེ་འདྲར‘གློག་རྡུལ་ཐོབ་ཐང་ལག་ཁྱེར’ཡོད་པས་གཟན་ཆག་ཇི་ཙམ་ཟ་བ་དང་ནམ་ཞིག་བཤས་གཏོང་ཆོག་མིན་ཐད་གློག་ཀླད་ཁ་ཕྱེ་ནས་བལྟས་ཚེ་གསལ་པོ་ཤེས་ཀྱི་ཡོད”

    “ཁེ་ལས་ཁྲི་མཉམ་འདྲེས”ཀྱི་ནུས་པ་ཆེན་པོ་སྤྲོད་པའི་བྱ་སྤྱོད་ཀྱིས་ཀུའེ་ཀྲོའུ་ཡི་ཁེ་ལས་ཁྲི་3ལྷག་ཙམ“དྲ་སྦྲེལ”ཐོག་ཞུགས་པ་དང་སྤྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད། 2023ལོར་ཀུའེ་ཀྲོའུ་ཡི་གྲངས་གཞི་ཆེན་པོ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱས་ནས་འཕེལ་རྒྱས་བྱུང་བའི་ཆུ་ཚད་46.5ཟིན་པ་དེ་2020ལོ་ལས་13.1%འཕར་ཡོད། “ང་ཚོས་ལས་རིགས་ཁག་ནས་སྣེ་འདྲེན་ཁེ་ལས་འདེམས་སྒྲུག་བྱས་ཏེ་ལས་རིགས་ཀྱི་དཔེ་དབྱིབས་ཆེན་པོ་སྐྱེད་སྲིང་བྱས་ནས་མ་གནས་དམའ་བ་དང་བསྐྱར་བཟོ་ཆོག་པའི་ཐག་གཅོད་ཇུས་གཞི་ཁག་གཅིག་ཆགས་ཡོད”ཅེས་ཀུའེ་ཀྲོའུ་ཞིང་ཆེན་གྲངས་གཞི་ཆེན་པོའི་འཕེལ་རྒྱས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅིང་ཡ་ཕིང་གིས་ངོ་སྤྲོད་བྱས་པ་དང་སྲིད་ཇུས་དང་། མ་དངུལ། ལག་རྩལ་སོགས་སྣ་མང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“སྣེ་འདྲེན་ཁེ་ལས་ཀྱིས་ལས་སྟེགས་འཛུགས་པ་དང་ཁེ་ལས་འབྲིང་ཆུང་གིས་ལས་སྟེགས་སྤྱོད་པའི”ལམ་སྲོལ་བརྒྱུད་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རྣམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

    གྲངས་གཞིའི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བའི་བཀོད་སྒྲིག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། ཀུའེ་ཀྲོའུ་ཡིས་གྲངས་གཞིའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ནས་འགོ་བཙུགས་ཏེ་སྲིད་ཇུས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་པས། སྤྱི་པའི་གྲངས་གཞིའི་དབང་བཅོལ་གཉེར་སྐྱོང་དང་། གྲངས་གཞིའི་རྒྱུ་རྐྱེན་ཐོ་འགོད། དཔྱད་དཔོག་སོགས་ཀྱི་ལམ་ལུགས་དང་ཚད་གཞི་ཚད་ལྡན་ཆགས་ཡོད།

    ཀུའེ་དབྱང་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་གིས་གྲངས་གཞི་ཉོ་ཚོང་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ནས་ཉོ་ཚོང་ལས་སྟེགས་མཁོ་འདོན་བྱེད་པ་དང་དུས་མཚུངས་དྲ་ཐོག་ཁྲོམ་རར་ཞུགས་འཐུས་དང་། སྒྲིག་སྲོལ་དང་མཐུན་པའི་ཐོ་འགོད། དཔྱད་དཔོག་རིན་གོང་གཏན་འཁེལ་སོགས་ཀྱི་ཞབས་ཞུ་སྤེལ་བ་རེད། 2023ལོར་ལྷོ་ཕྱོགས་གློག་དྲ་ཀུའེ་ཀྲོའུ་གློག་དྲ་ཀུང་སིས་ཀུའེ་དབྱང་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་བརྒྱུད་གནམ་གཤིས་ཞབས་ཞུའི་ཐོན་རྫས་ཉོས་ནས་དྲོད་ཚད་དང་ཆར་པ་སོགས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་གྲངས་གཞི་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པས་མཐོ་གནོན་གློག་སྐུད་ལ་འཁྱགས་པ་ཐེབས་པའི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་ཕྱིན་ཡོད་པ་རེད།

    ཀུའེ་དབྱང་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་གི་ཏུང་ཧྲི་ཀྲང་ཁྲེན་ཝུའེ་ཡིས་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ཐོ་འགོད་དཔང་ཡིག་སྤྲོད་པ་དང་གྲངས་གཞིའི་ཐོན་རྫས་ཉོ་ཚོང་རིན་གོང་རྩིས་ཆས་ཞིབ་འཇུག་གསར་སྤེལ་བྱེད་པ་སོགས་འཚོལ་ཞིབ་བྱས་པ་བརྒྱུད་གྲངས་གཞིའི་ཉོ་ཚོང་གི་དབང་ཆ་གཏན་འཁེལ་དང་རིན་གོང་གཏན་འཁེལ་སོགས་ཀྱི་དཀའ་གནད་སེལ་ཐུབ་ཡོད། “མིག་སྔའི་བར་འདི་ལོ་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་25.82འཕར་ནས་2023ལོའི་ལོ་ཧྲིལ་པོ་ལས་བརྒལ་ཡོད”ཅེས་བཤད།

    འདི་ལོའི་ཟླ་2པར་ཀུའེ་ཀྲོའུ་ཡིས་རྩིས་རྒྱག་ནུས་པའི་འཛིན་ཤོག་སྤྲད་པ་དང་ཁེ་ལས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་རྩིས་རྒྱག་ནུས་པའི་ཞབས་ཞུའམ་ཡང་ན་གྲངས་གཞིའི་ཉོ་ཚོང་ཐོན་རྫས་ཉོ་སྐབས་གན་རྒྱའི་ཚོང་འགྲིག་དངུལ་འབོར་གྱི་3%ལྟར་དངུལ་སྨར་ཕྱིར་སློག་གམ་ཡང་ན་དངོས་རྫས་ཀྱིས་ཚབ་བྱེད་ཆོག་གི་ཡོད་པ་དང་ཟླ་7པའི་ཟླ་མཇུག་བར་འཛིན་ཤོག་128སྤྲད་ཟིན་པ་དང་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།