དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦྲང་རྩིའི་ཐོན་ལས་དར། ཕྱུག་འགྱུར་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ལོ་8གོང་། ཀུའེ་ཀྲོའུ་ནས་ཡིན་པའི་གཞོན་ནུ་ཀྲང་ལེང་ཧྥུའུ་ཡིས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་དུ་སྦྲང་ནོར་བུ་གསོ་ཚགས་བྱེད་འགོ་ཚུགས།

    ལོ་8སོང་རྗེས། ལྷོ་ཁའི་རྫོང་དང་ཆུས་12ཁྲོད་ཀྱི་རྫོང་དང་ཆུས་9ཡིས་ཁོང་དང་མཉམ་ལས་བྱས་ནས་སྦྲང་ནོར་བུ་གསོ་ཚགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ཡོད།

    རི་གྲོང་གི་གཞོན་ནུ།

    བོད་དུ་ལས་གཏོད་ལ་ཡོང་མཁན་ཚང་མར་མི་སེམས་འགུལ་བའི་གཏམ་རྒྱུད་རེ་ཡོད་དེ་ཀྲང་ལེང་ཧྥུའུ་ལའང་དེ་ལས་མ་འདས།

    སི་ཁྲོན་སློབ་ཆེན་ཁོར་ཡུག་ལས་གྲྭའི་ཆེད་ལས་ཚན་ཁག་ནས་ཐོན་པའི་ཁོང་ལ་དེ་སྔ་མི་རྣམས་ཡིད་སྨོན་སྐྱེ་འོས་པའི་ལས་ཀ་བརྟན་པོ་ཞིག་ཡོད་རུང་། ལས་ཀ་བྱས་ནས་ལོ་4སོང་རྗེས་ཁོང་གིས་བརྟན་འཇགས་འགྱུར་མེད་ཀྱི་འཚོ་བ་འདི་ལྟ་སྐྱེལ་འདོད་མེད་པར་གོ་སྐབས་གསར་པ་ཞིག་འཚོལ་འགོ་ཚུགས་ཡོད།

    2015ལོར་ཀྲང་ལེང་ཧྥུའུ་ཡིས་ཚོགས་པ་བཙུགས་ནས་ལས་གཏོད་བྱེད་འགོ་ཚུགས་པ་དང་ལས་གཏོད་རྣམ་གྲངས་ནི་སྦྲང་རྩིའི་ཐོན་རྫས་རེད། ཡིན་ནའང་ཉམས་མྱོང་མི་འདང་བའི་དབང་གིས་མ་རྩ་ཚང་མ་རྫོགས། འུ་ཐུག་ཐབས་ཟད་ཀྱི་འོག་ཀྲང་ལེང་ཧྥུའུ་ཡིས་ཚོད་ལྟ་ཞིག་བྱེད་བསམས་ནས་མ་དངུལ་བསྡུ་སྒྲིལ་གྱི་ཆ་འཕྲིན་ཞིག་གྲོགས་ཚོགས་སུ་བཏང་བ་རེད།

    བསམ་ཡུལ་ལས་འདས་པ་ཞིག་ལ་མ་དངུལ་བསྡུ་སྒྲིལ་ཐུབ་པ་མ་ཟད། ཕྱིས་སུ་མ་འཇོག་བྱེད་མཁན་དེ་དག་ཚོགས་པའི་མི་སྣ་གཙོ་བོར་གྱུར་ཡོད།

    2016ལོའི་ཟླ་6ཚེས་5ཉིན། ཁོང་གིས་གུར་གཅིག་དང་སྦྲང་སྒམ་20ཁྱེར་ནས་བོད་དུ“ཧི་མ་ལ་ཡའི་སྦྲང་ཚང་འཆར་གཞི”ལག་ལེན་བསྟར་འགོ་ཚུགས་ཏེ་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་ཚད་གཞི་སྤྱད་དེ་སྦྲང་ནོར་བུ་གསོ་འགོ་ཚུགས།

    2018ལོའི་ལོ་མཇུག་ཏུ། ཀྲང་ལེང་ཧྥུའུ་གདན་ཞུས་ལྟར“འཇར་མན་གྱི་ཆེད་ལས་སྦྲང་ནོར་བུ་གསོ་མཁན་ཚོགས་ཆེན་སྐབས་48པར”ཞུགས་པ་དང་འབྲེལ《བོད་དུ་སྦྲང་རྩིའི་ཐོན་སྐྱེད་བྱེད་འགོ་ཚུགས》ཅེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་སྤེལ་བ་རེད། འདི་ཡང་ཚོགས་ཆེན་འདི་1928ལོར་འཚོགས་ཚུན་ཀྲུང་གོའི་སྦྲང་ནོར་བུ་གསོ་མཁན་གདན་འདྲེན་ཞུ་ཐེངས་དང་པོ་རེད།

    དེ་སྔ་ཀྲང་ལེང་ཧྥུའུ་གི་ཉེ་འགྲམ་དུ་སྦྲང་ནོར་བུ་གསོ་མཁན“དགུ་བཅུའི་ནང་སྐྱེས”ཀྱི་ཕུར་བསྟན་གྱིས་ད་ཆ་ཁོང་གི་ཚབ་བྱས་ཏེ་ཆེད་ལས་སྦྲང་ནོར་བུ་གསོ་མཁན་བཅུ་ཕྲག་ཁ་ཤས་ཡོད་པའི་ཚོགས་པ་ཞིག་ལ་དོ་དམ་བྱེད་ཀྱི་ཡོད་ཅིང་། ཁོང་ཚོས་ལྷོ་ཁའི་སྦྲང་ནོར་བུ་གསོ་མཁན་དག་ལ་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ཚོའི་རོགས་རམ་འོག་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དང་ཆུས་12ཁྲོད་ཀྱི་རྫོང་དང་ཆུས་9ཡིས་སྦྲང་ནོར་བུ་གསོ་བའི་ལས་རིགས་འཕེལ་རྒྱས་བཏང་ཡོད།

    རླུང་ཁྲོད་ཀྱི་ལྷོ་ཁ།

    ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་སྦྱོར་ར་ཤང་གི་བཀྲ་ཤིས་དགྲ་འདུལ་གྱིས་ནམ་ཞིག་རང་ཉིད་ཀྱིས་སྦྲང་ནོར་བུ་གསོ་བའི་བྱ་གཞག་གཉེར་ཐུབ་པ་མ་ཟད། ད་དུང་སྦྲང་ནོར་བུ་གསོ་མཁན་གྱི་ཚབ་ཞུས་ནས་ཀྲུང་གོའི་སྦྲང་རྩིའི་ཐོན་ལས་ཚོགས་ཆེན་ཐོག་གཏམ་བཤད་ཀྱང་སྤེལ་རྒྱུ་ཡོང་སྙམ་པ་བློ་ངོར་ཡང་འཆར་མྱོང་མེད།

    བཀྲ་ཤིས་དགྲ་འདུལ་གྱིས་སྦྲང་ནོར་བུ་མ་གསོས་གོང་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད། སྦྲང་ནོར་བུ་གསོས་རྗེས་སྒོ་རྩར་ལས་ཞུགས་ཐུབ་བྱུང་ཞེས་བཤད།

    འདི་ནི་ལས་ཀ་ཙམ་ཞིག་མ་ཡིན་པར་བཀྲ་ཤིས་དགྲ་འདུལ་དང་འདྲ་བའི་ཞིང་འབྲོག་པ་དཀྱུས་མ་མང་པོས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་བའང་ཡིན།

    “སྦྲང་ནོར་བུ་གསོས་པས་ང་ཚོའི་ཡོང་འབབ་མང་དུ་ཕྱིན་སོང་། གྲོང་གསེབ་དར་རྒྱས་གཏོང་དགོས་ན་འགག་རྩ་ནི་ཐོན་ལས་ལ་རག་ལས་ཡོད”ཅེས་མཚོ་སྣ་གྲོང་ཁྱེར་གྲོང་གསེབ་ཕུགས་འདུན་ཁེ་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བདེ་ཆེན་སྒྲོལ་དཀར་གྱིས་བཤད།

    “སྦྲང་ནོར་བུ་གསོས་པ་བརྒྱུད་ང་ཚོའི་ཤང་ཡོངས་ཀྱི་གྲོང་ཚོ་5ལ་ལོ་ལྟར་ཁྱོན་སྒོར་ཁྲི་60.48ཡི་ཁེ་སྤོགས་རག་པ་མ་ཟད། ད་དུང་ཡུལ་མི་5སྦྲང་ནོར་བུ་གསོ་སར་ལས་ཞུགས་ཐུབ་ཡོད”ཅེས་བདེ་ཆེན་སྒྲོལ་དཀར་གྱིས་བཤད་པ་དང་། ཁོང་གིས་ཕྱུག་འགྱུར་གྱི་ཐབས་ལམ་མཐོང་བའི་ཡུལ་མི་ཚོའི་ལས་སྒྲུབ་ཀྱི་སྤོབས་པ་དང་ངར་ཤུགས་ཆེ་རུ་ཕྱིན་ནས་གྲོང་ཚོ་5ཡིས་མཉམ་དུ་གྲོང་གསེབ་ཕུགས་འདུན་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་ཡོད་ཅེས་བཤད།

    སྦྱོར་ར་ཤང་ཙམ་མ་ཡིན་པར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཟིན་པའི་སྣ་དཀར་རྩེ་རྫོང་ཁ་རག་ཤང་དུ་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ཞན་པ་མ་ཟད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་མི་ཐུབ་པས་ཡུལ་མིའི་ཡོང་འབབ་འཕར་དཀའ། 2022ལོར་ཤང་ཡོངས་ཀྱིས་སྦྲང་ནོར་བུ་གསོ་རྒྱུ་ཚོད་ལྟ་བྱས་པས་ད་གཟོད་ཡུལ་མི་ཚོའི་ཡོང་འབབ་མང་དུ་ཕྱིན་ཡོད།

    ཁ་རག་ཤང་དང་ཀྲང་ལེང་ཧྥུའུ་དབར་དུས་ཡུན་ལོ་5ཡི་སྦྲང་ནོར་བུ་གསོ་སྤེལ་དཔེ་སྟོན་རྣམ་གྲངས་ཀྱི་ཞབས་ཞུའི་གན་རྒྱ་བཞག་པའི་ཁར་ཀུང་སིས་ཆེད་མངགས་ལག་རྩལ་པ་2ཁ་རག་ཤང་དུ་བཏང་སྟེ་ཞིང་འབྲོག་པར་སྦྲང་ནོར་བུ་གསོ་བའི་ལག་རྩལ་བསླབས་ཡོད། དེའི་རིང་སྦྲང་རྩིའི་ཐོན་རྫས་དེ་ཀུང་སིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་ཡོད།

    ལོ་གཉིས་ལྷག་ཙམ་རིང་། ཁ་རག་ཤང་གི་སྦྲང་ནོར་བུ་གསོ་མཁན་གྲོང་ཚོ་3ནས་6བར་མང་དུ་ཕྱིན་པ་དང་ལོ་རེའི་སྦྲང་རྩི་ཐོན་ཚད་སྤྱི་རྒྱ་7500ཡན་ཟིན་ཞིང་། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ཡོད།

    འབྱུང་འགྱུར་གྱི་ཕུགས་འདུན།

    ལོ་20ཡི་གོང་། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བཀྲ་ནོར་གྱིས་སྦྲང་ནོར་བུ་གསོ་སྟངས་ཞིབ་འཇུག་བྱེད་འགོ་ཚུགས། སྐབས་དེ་དུས་ཁོང་གིས་སྦྲང་ནོར་བུའི་ཐོན་ལས་ད་ཆ་དང་འདྲ་བར་དགའ་བསུ་ཆེན་པོ་ཐོབ་སྲིད་པ་བསམ་བློར་འཁོར་མ་མྱོང་།

    “སྔོན་ཆད་ང་ཚོའི་གནས་འདིར་སྦྲང་ནོར་བུ་མང་པོ་མཐོང་རྒྱུ་མེད་པ་མ་ཟད། ཡུལ་མིས་སྦྲང་ནོར་བུ་ནི་མི་ལ་སོ་རྒྱག་མཁན་གྱི་སྦྲང་མ་དང་མེ་ཏོག་ཟ་མཁན་གྱི་འབུ་ཞིག་ཏུ་བརྩིས་ནས་གསོ་འདོད་བྱེད་ཀྱི་མེད་པ་མ་ཟད། སྦྲང་ནོར་བུས་པད་ཁའི་ཐོན་ཚད་ཉུང་དུ་གཏོང་བའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་ཚང་མའི་བསམ་བློར་འགྱུར་ལྡོག་ཕྱིན་ནས་སྦྲང་ནོར་བུ་གསོ་མཁན་མང་པོ་ཞིག་ཕྱུག་པོ་ཆགས་ཡོད”ཅེས་བཀྲ་ནོར་གྱིས་བཤད།

    བོད་ལྗོངས་མཚན་འགྲོགས་སྦྲང་ནོར་བུ་གསོ་སྤེལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྦྲང་ནོར་བུའི་གྲངས་འབོར་དང་ཐོག་གི་སྒམ་20ནས་ན་ནིང་གི་སྒམ་5200བར་མང་དུ་ཕྱིན་པ་དང་ལོ་རེར་ཐོན་རྫས་རིན་ཐང་སྒོར་ཁྲི་4000ལྷག་ཙམ་ཟིན་ཡོད། ཀུང་སིའི་ལས་མི་བོད་ཀྱི་ཐག་རིང་ལུང་ཁུག་གི་གྲོང་གསེབ་50ལྷག་ཙམ་དུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་4600ལྷག་ཙམ་དང་མཉམ་ལས་བྱས་ནས་བོད་ཀྱི་སྦྲང་རྩིའི་ཐོན་ལས་གཞི་ཁྱོན་ཆེ་ཤོས་ཀྱི་ཁེ་ལས་སུ་གྱུར་ཡོད།

    “བོད་ཀྱི་དམིགས་བསལ་གྱི་ཐོན་ཁུངས་ལེགས་ཆ་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་རྟགས་འཕེལ་རྒྱས་བཏང་སྟེ་ཁྲོམ་ར་ཡོད་པ་དང་། ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་དང་དེ་བཞིན་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་བྱས་པ་བརྒྱུད་ཐོན་ལས་རྒྱ་ཆེ་དང་སྟོབས་ཆེར་ཕྱིན་ནས་མི་སེར་དེ་བས་མང་བར་ཡོང་འབབ་རག་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྦྲང་རྩིའི་ཐོན་ལས་བོད་ཀྱི་མིང་བྱང་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་འབྱུང་འགྱུར་སྐོར་གླེང་སྐབས་ཀྲང་ལེང་ཧྥུའུ་ཡིས་སྤོབས་པ་ཆེན་པོས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།