བགྲང་བྱ་སུམ་ཅུ་འབད་འཐབ་ལྷོད་མེད་བྱས། གངས་ལྗོངས་ས་མཐོའི་མ་འོངས་ལྷག་པར་མཛེས།
—— ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་སུམ་ཅུ་འཁོར་བའི་བོད་ཀྱི་གློག་དྲའི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
ཁ་གཏད་བོད་སྐྱོར་བྱས་ནས་ལོ་ངོ་སུམ་ཅུ་སོང་རིང་། རྒྱལ་ཁབ་གློག་དྲ་ཀུང་སིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བོད་སྐྱོར་ལས་བྱེད་པ་ཁག་མང་པོ་དང་ལས་བྱེད་ལས་བཟོ་མི་རབས་མང་པོས་དཀའ་སྤྱད་འབད་འཐབ་བྱས་པ་དང་འབད་འབུངས་ལེགས་སྐྱེས་ཕུལ་ནས་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཤུགས་ཆེན་བྱས་ཡོད།
2023ལོའི་ལོ་མཇུག་བར། བོད་ལྗོངས་གློག་དྲའི་ཆན་ཕུའུ་35དང་དེ་ཡན་གྱི་གློག་འདྲེན་སྐུད་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་3.6ཟིན་པ་དང་། གློག་སྤྱོད་ཐེག་ཚད་ལོ་13བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ལོ་མང་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རིང་གློག་ཤུགས་བོད་སྐྱོར་གྱི་རིན་ཐང་དང་ནུས་པ་གང་ལེགས་མངོན་པས། ལས་དོན་ཁག་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།
གློག་འོད་ཆེམ་ཆེམ་འཕྲོ་བའི་ས་མཐོ།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
1994ལོར། ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལག་བསྟར་བྱས་པ་དང་བསྟུན་ནས། ཡར་འབྲོག་གཡུ་མཚོ་གློག་ཁང་དང་གསེར་ཆུ་གློག་ཁང་སོགས་ལྗོངས་ནང་ཁུལ་གྱི་རྐང་འཛིན་གློག་ཁུངས་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། 1997ལོར། ལྷ་སའི་གློག་དྲ་དང་ལྷོ་ཁའི་གློག་དྲ་དྲ་སྦྲེལ་ཐུབ་ནས་བོད་ལྗོངས་དབུས་རྒྱུད་ཀྱི་གློག་དྲའི་ཐོག་མའི་རྣམ་པ་རགས་ཙམ་ཆགས་པ་དང་། དེ་རྗེས་གཞིས་རྩེའི་གློག་དྲ་དང་ནག་ཆུའི་གློག་དྲ་བོད་དབུས་ཀྱི་གློག་དྲར་སྦྲེལ་ནས་བོད་དབུས་དང་། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་ཀྱི“ཆེ་བ་གཅིག་དང་ཆུང་བ་གསུམ”གྱི་གློག་དྲའི་བཀོད་པ་ཆགས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྔ་རྗེས་སུ་གློག་ཤུགས་འཛུགས་སྐྲུན་པ་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་གྲང་ངར་དང་། ཁ་བ་བུ་ཡུག གསོ་རླུང་དཀོན་པ་བཅས་ཀྱི་དཀའ་ངལ་ལ་མ་འཛེམས་པར་བོད་ཀྱི་གློག་ཤུགས་འཕེལ་རྒྱས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་དྲ་སྦྲེལ་གྱི“གློག་ཤུགས་མཁའ་ལམ”4བསྐྲུན་ཏེ་མིའི་རིགས་ཀྱི་གློག་དྲ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་གསར་པ་བཏོད་པས། ལྗོངས་ཡོངས་ཀྱི་གློག་དྲའི་གློག་གནོན་རིམ་པ་ཡང་ཆན་ཧྥུའུ་110དང་220ནས་ཆན་ཧྥུའུ་±400དང་500བར་མཆོང་སྐྱོད་རིམ་སྤོར་བྱུང་ནས་རིམ་ཁག་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་ཀྱི་གློག་གནོན་ཧ་ཅང་ཆེ་བའི་གློག་དྲ་ཆེ་མོའི་དུས་རབས་གསར་པར་མགྱོགས་མྱུར་སླེབས་ཏེ། བོད་ཀྱི་གློག་དྲ་ཁེར་རྐྱང་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་ནུས་ལྡན་སྐོང་ཐུབ་པ་དང་། གློག་ཤུགས་མི་སྣ་མི་རབས་ཁ་ཤས་ཀྱིས“ལྗོངས་ཡོངས་ཀྱི་གཅིག་གྱུར་གློག་དྲ”བསྐྲུན་པའི་བརྗིད་ཆེའི་ཕུགས་འདུན་ཆེན་པོ་འགྲུབ་པ། བོད་ཀྱི་གློག་དྲ་དང་མེས་རྒྱལ་གྱི་གློག་དྲ་ཆེ་མོ་དྲ་སྦྲེལ་གྱི་འཁོར་སྐྱོད་བྱེད་པར་སྐུལ་འདེད་ཐེབས་པ་བཅས་བྱུང་ནས། བོད་གློག་ཕྱིར་གཏོང་དང་ས་མཐོ་ནས་ལྗང་མདོག་གློག་ཤུགས་གཏོང་བའི་དུས་རབས་གསར་པ་འགོ་ཚུགས་ཡོད།
དམངས་ཕྱུག་བོད་དར།
ཀྲུང་དབྱང་ཁེ་ལས་ཀྱིས་འགན་འཁྲི་བརྟན་པོ་ཁུར་བ།
ཁ་གཏད་བོད་སྐྱོར་བྱས་ནས་ལོ་སུམ་ཅུ་སོང་རིང་། རྒྱལ་ཁབ་གློག་དྲ་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་བོད་སྐྱོར་ལས་དོན་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ཚོགས་པའི་ལེགས་ཆ་གང་ལེགས་འདོན་པ་དང་། བོད་སྐྱོར་ལས་དོན་གྱི་བྱ་ཐབས་རབ་དང་རིམ་པ་འདོན་པ། མ་དངུལ་དང་། ཤེས་ལྡན་པ། དོ་དམ། རྣམ་གྲངས། ལས་ཞུགས་སོགས་ལ་བརྟེན་ནས་བོད་སྐྱོར་ལས་དོན་གྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་བོད་སྐྱོར་གྱི་བྱ་ཐབས་སྣ་ཚོགས་བཏོད་ཡོད།
2023ལོའི་ལོ་མཇུག་བར། རྒྱལ་ཁབ་གློག་དྲ་ཀུང་སིས་བོད་དུ་མ་དངུལ་སྒོར་དུང་ཕྱུར་800ལྷག་ཙམ་བཏང་ནས“ཞིང་ཆེན་གཅིག་གིས་གྲོང་ཁྱེར་གཅིག་ལ་རོགས་རམ་དང་། གྲོང་ཁྱེར་གཅིག་གིས་རྫོང་གཅིག་ལ་རོགས་རམ། རྒྱུན་གཏན་དང་ཆེད་དོན་ཟུང་འབྲེལ། ཡུན་རིང་དང་དུས་ཐུང་ཟུང་འབྲེལ”བཅས་ཀྱི་ཤེས་ལྡན་པའི་བོད་སྐྱོར་ལམ་སྲོལ་བཙུགས་པ་དང་། སྔ་རྗེས་སུ་ཕུལ་བྱུང་ཤེས་ལྡན་པ་2700བོད་དུ་མངགས་པ། བོད་ལྗོངས་གློག་དྲའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་གལ་ཆེན་སོགས་ཀྱི་འགག་སྒྲོལ་ལས་འགན་རབ་དང་རིམ་པ་ལེགས་སྒྲུབ། གློག་ཤུགས་ཀྱི་སྤུས་ལེགས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་གློག་དྲ་ཀུང་སི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
གློག་དྲ་འཛུགས་སྐྲུན་ནས་གྲོང་གསེབ་དར་རྒྱས་བར་དང་། གློག་མཁོ་འདོན་འགན་ལེན་ནས་འཕྲལ་སྡོམ་ཉེན་སེལ་བར། བོད་སྐྱོར་ལས་བྱེད་པ་ཁག་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་བོད་དུ་ཡོང་སྟེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས། བོད་ལྗོངས་གློག་དྲའི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་མཉམ་དུ་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ལྷག་བསམ་རྣམ་དག་དང་འགན་འཁྲིའི་སེམས་པར་བརྟེན་ནས། དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ལྗང་མདོག་འཕེལ་རྒྱས།
ནུས་རྒྱུ་ཕྱོགས་སྒྱུར་གྱི་ལེའུ་གསར་པ་བརྩམས་པ།
2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་ནས་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་གཏད་བོད་སྐྱོར་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་བོད་ལྗོངས་གློག་དྲས་རྒྱུན་ཆད་མེད་པར་རིམ་སྤོར་དང་ཁྱབ་རྒྱ་ཆེ་རུ་བཏང་ནས། བོད་ཀྱི་ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མྱུར་བགྲོད་ལམ”དུ་བསྐྱོད་པར་རམ་འདེམས་བྱས་ཡོད། ལྷག་པར་དུ་2015ལོར་བོད་ལྗོངས་གློག་དྲས“བོད་གློག་ཕྱིར་འདྲེན”ཐོག་མར་མངོན་འགྱུར་བྱུང་ཚུན། བོད་ཀྱི་ནུས་རྒྱུ་གཙང་མ“ནུབ་གློག་ཤར་འདྲེན”ལ་བརྟེན་ནས་ལྗོངས་ཕྱིར་བཏང་སྟེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ནང་མཉམ་འདྲེས་ཐུབ་ནས། རྒྱལ་ཡོངས་ཀྱི“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ལ་རམ་འདེགས་བྱེད་པར་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། 2023ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་139ལྷག་ཙམ་ཟིན་ནས་མཚོ་བོད་ས་མཐོའི་དབྱང་གཉིས་ཐན་འགྱུར་འབུད་ཚད་ཏུན་ཁྲི་1071ཉུང་དུ་ཕྱིན་སྟེ། བོད་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་25འཕར་བར་སྐུལ་འདེད་ཐུབ་ཡོད།
བོད་ཀྱི་ནུས་རྒྱུའི་བདེ་འཇགས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་གཉིས་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་སྐྲུན་པ་དང་། གློག་ཤུགས་མ་ལག་དཔེ་སྟོན་ཁུལ་གསར་པ་དང་བསྐྱར་སྐྱེས་ནུས་རྒྱུ་གཙང་མ་བེད་སྤྱོད་དཔེ་སྟོན་ཁུལ་གྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་ཁ་གསལ་བཏོན་ཡོད། རྒྱལ་ཁབ་གློག་དྲ་ཀུང་སིས་གློག་ཤུགས་བོད་སྐྱོར་གྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བའི་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། བོད་ཀྱི་གློག་ཤུགས་མ་ལག་དཔེ་སྟོན་ཁུལ་གསར་པ་བསྐྲུན་པའི་ཇུས་གཞི་བཟོས་ནས་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། ལམ་སྲོལ་གསར་པ་བཅས་བོད་དུ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་བོད་ཀྱི་རང་ངོས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། གཞི་ཁྱོན་ཆེ་བའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་ཕྱིར་གཏོང་གི་དགོས་མཁོ་བསྐངས་ཡོད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། “གཞན་རྟེན”ནས“རང་རྟེན”ལ་སྒྱུར་བ། བོད་ཀྱི་གློག་ཤུགས་མ་ལག་དཔེ་སྟོན་ཁུལ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། བོད་ཀྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་དེ་བས་ཆེ་བ་ལེགས་སྐྱེས་འབུལ་བཞིན་ཡོད།