དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚན་ཞིབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀུའུ་ཡེ་ཁའེ་དང་སུང་ཧའོ་ཤིན།   |     སྤེལ་དུས།  2024-08-26

    ད་ལོའི་ཟླ་7ཚེས་26ཉིན། སི་ཁྲོན་ཧོང་ཡོན་རྫོང་དུ་ཀྲུང་གོ་ཚན་རིག་ཁང་མཛོད་དགེ་འདམ་རའི་སྐྱེ་ཁམས་ཞིབ་འཇུག་ས་ཚིགས(གཤམ་དུ“མཛོད་དགེ་ས་ཚིགས”ཞེས་བསྡུ་རྒྱུ)ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཤིང་། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཁོངས་སུ་གཏོགས་པའི་ཕྱི་རོལ་ས་ཚིགས་དེ་ནི“ཀྲུང་གོའི་མཐོ་གྲང་ཁུལ་གྱི་ས་ངོས་བརྒྱུད་རིམ་དང་ཁོར་ཡུག་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་དྲ་རྒྱའི”ཁོངས་གཏོགས་ས་ཚིགས་ཤིག་ཡིན་པ་དང་། མཐོ་གྲང་འདམ་ར་སྲུང་སྐྱོང་དང་སླར་གསོ་བྱེད་རྒྱུ་ནི་ཚན་ཞིབ་དམིགས་ཚད་ཀྱི་གྲས་ཤིག་རེད།

    དུས་ཡུན་རིང་པོར་ཆུས་སྣུབས་ནས་དྲོད་ཚད་དམའ་བའི་ཁོར་ཡུག་ཏུ་གནས་པའི་དབང་གིས་སྐྱེ་དངོས་ཕྲ་རབ་ཀྱི་འགུལ་སྐྱོད་ལ་ཚོད་འཛིན་ཐེབས་པ་དང་། རྩི་ཤིང་སྐམ་རུལ་དབྱེ་ཕྲལ་མྱུར་པོ་མི་ཐུབ་སྟབས་སྐྱེ་ལྡན་ཐཱན་འབོར་ཆེན་གསོག་འཇོག་ཐེབས་ཏེ་མཛོད་དགེའི་འདམ་རར་འདམ་ཐཱན་འདུས་ཚད་མཐུག་པོ་ཞིག་ཆགས་ཡོད། གྲང་ངར་ཆེ་བའི་ས་མཐོའི་འདམ་ར་དེར་དབྱང་གཉིས་ཐཱན་འགྱུར་འབོར་ཆེན་བ་རྟན་གནས་ཐུབ་པས་མཛོད་དགེ་འདམ་ར་ཡང་རང་བྱུང་གི“ཐཱན་གསོག་མཛོད”གལ་ཆེན་ཞིག་དང་གནམ་གཤིས་འགྱུར་ལྡོག་གི“ལྷོད་གཏོང་ཡོ་ཆས”ནུས་ལྡན་ཞིག་ཡིན་པར་ངོས་འཛིན་ཞིང་། དྲོད་ཁང་ཚ་ནུས་ཆུང་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།

    མཛོད་དགེ་ས་ཚིགས་ཀྱི་ཀྲན་ཀྲང་ཀའོ་ཡུང་ཧེང་གིས“མཐོ་གྲང་འདམ་ཐཱན་ས་ཆ་ནི་མཐོ་གྲང་འདམ་རའི་རིགས་གཙོ་བོ་ཡིན། དེས‘རླུང་ཁམས་ཆེན་པོའི་ཐཱན་འདུས’ཀྱི་ནུས་པ་ཐོན་ནས་གོ་ལ་ཧྲིལ་པོའི་འགྱེད་འཕྲོ་དོ་སྙོམས་ཁྲོད་ཐོག་མཐའ་བར་གསུམ་དུ‘ཚ་གཅོག’གི་ནུས་པ་འདོན་གྱི་ཡོད”ཅེས་ངོ་སྤྲོད་བྱས།

    གནམ་གཤིས་ལ་འགྱུར་ལྡོག་འགྲོ་བ་དང་མིའི་རིགས་ཀྱི་འགུལ་སྐྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་འདམ་ཐཱན་ས་ཆའི་བརྟན་པོའི་རང་བཞིན་ལ་འགྲན་སློང་ཆེན་པོ་འཕྲད་ཅིང་། ཀའོ་ཡུང་ཧེང་གིས“མཛོད་དགེའི་འདམ་ཐཱན་གྱི་ཆ་སྙོམས་མཐུག་ཚད་སྨི་2ནས་3བར་ཟིན་མོད། འོན་ཀྱང་གྲུབ་པའི་བརྒྱུད་རིམ་ཧ་ཅང་རིང་བ་དང་། ལོ་ངོ་ཁྲི་སྟོང་མང་པོའི་རིང་ལོ་རེར་ཧོ་སྨི་1ཡང་མ་ཟིན་པའི་གསོག་འཇོག་མྱུར་ཚད་གྱི་ཐོག་ནས་གྲུབ་པ་ཡིན། གཏོར་བཤིག་ཕོག་ཚེ་དེ་ན་ཁར་འགྱུར་བ་དང་ཐ་ན་རིམ་བཞིན་བྱེ་ཐང་དུ་འགྱུར་གྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས“ང་ཚོས་མཛོད་དགེ་འདམ་རའི་སྐྱེ་ཁམས་བརྒྱུད་རིམ་དང་སྙོམས་སྒྲིག་ལམ་སྲོལ་ལ་ཞིབ་འཇུག་བྱས་པ་བརྒྱུད། ཁུལ་འདིའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་དེ་བཞིན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གྲངས་གཞིའི་གཞི་འཛིན་ས་མཁོ་འདོན་དང་ཚན་རིག་གི་མཛུབ་ཁྲིད་ཐུབ་ཀྱི་ཡོད”ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་མཛོད་དགེ་ས་ཚིགས་འཕེལ་རྒྱས་དང་འཛུགས་སྐྲུན་བརྒྱུད་རང་རྒྱལ་གྱི་མཐོ་གྲང་འདམ་རའི་ཡུན་རིང་གནས་ཐིག་གཏན་འཁེལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་གི་རྣམ་པ་ལེགས་སུ་ཕྱིན་པ་དང་ས་ཁོངས་དེའི་བརྒྱུད་རིམ་རང་བཞིན་གྱི་ཚན་རིག་ཞིབ་འཇུག་དང་ཞིང་འབྲོག་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད། ཕྱི་རོལ་དུ་དྲོད་ཚད་འཕར་བའི་འདྲ་བཟོའི་ལས་སྟེགས་ཆེ་གྲས་དང་། ཆུ་ཁ་ཚོད་འཛིན་ཚོད་ལྟའི་ལས་སྟེགས། རླུང་ཁམས་ཆེན་པོའི་ཏན་སིམ་འདྲ་བཟོའི་ཚོད་ལྟའི་ལས་སྟེགས་སོགས་སྔོན་ཐོན་གྱི་ཚན་ཞིབ་སྒྲིག་བཀོད་ཀྱིས་གྲངས་གཞིའི་ཞིབ་ཚད་མཐོ་རུ་དང་ཚན་ཞིབ་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་མང་བཅོས་སྐྱོང་བྱས་པ་བརྒྱུད། མཛོད་དགེ་འདམ་རའི་ཐོན་ཁུངས་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཁྲེན་ཧོའེ་ཡིས“2014ལོར་ཕྱི་རོལ་དུ་གུར་བརྒྱབ་སྟེ་ཚན་ཞིབ་བྱས་པ་ནས་2015ལོར་རང་ཉིད་ཀྱིས་པང་ལེབ་ཁང་པའི་ཚོད་ལྟའི་རྟེན་གཞི་བསྐྲུན་པ་དང་། དེ་ནས་ད་ཆ་མཛོད་དགེ་ས་ཚིགས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པའི་བར། ང་ཚོས་རང་རྒྱལ་གྱི་འདམ་ར་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ཀྱི་དཔང་པོ་བྱས་པ་དང་དེའི་ནང་ཞུགས་ཡོད”ཅེས་བརྗོད།

    “ས་མཐོར་ཞིབ་འཇུག་བྱེད་པར་དཀའ་ངལ་མང་པོ་ཁྱད་བསད་བྱེད་དགོས་མོད། འོན་ཀྱང་འདི་གར་རང་ཉིད་དགའ་པོ་ཡོད་པའི་ཞིབ་འཇུག་གི་ལས་ཀ་བྱེད་རྒྱུ་ཡོད་པས་བདེ་སྐྱིད་ཅིག་རེད”

    ཡར་ཀླུང་གཙང་པོ་ལང་ལོང་དུ་རྒྱུགས་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁོངས་སུ་སླེབས་རྗེས་ཆུའི་ཁ་ཞེང་ཆེ་རུ་དང་ཆུ་རྒྱུན་དལ་དུ་འགྲོ་གི་ཡོད། རོང་ཁུལ་དུ་ངོགས་གཉིས་ཀྱི་སྦྱར་པ་དང་རྒྱ་ལྕང་གི་ནགས་ཚལ་ཧ་ཅང་སྟུག་པ་དང་སྔོ་ཐིང་ངེར་གནས།

    ལོ་རྒྱུས་ཐོག་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ལྷོ་ཁའི་དུམ་བུ་ནི་སྐད་གྲགས་ཆོད་པའི་བྱེ་རླུང་ལྡང་ཡུལ་ཞིག་རེད། དུས་རབས་གོང་མའི་ལོ་རབས་80པའི་ཚུན། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་ལ་ཞུགས་ནས་ལོ་40ཡི་རིང་ལྗོན་ཤིང་རྐང་ཁྲི་4500ལྷག་ཙམ་བཏབ་པས། རིང་ཚད་སྤྱི་ལེ་160ལྷག་ཙམ་དང་ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8ཟིན་པའི“ལྗང་མདོག་ལྕགས་རི་རིང་པོ”ཞིག་གྲུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲེང་ཏུའུ་རི་ཁུལ་སུའོ་ཚན་ཞིབ་ཚོགས་པས་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་བར་རྒྱུད་དང་སྟོད་རྒྱུད་ཀྱི་བྱེ་འགྱུར་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་པ་བརྒྱུད། གནམ་གཤིས་དང་། ས་བབ། ས་རྒྱུ། སྔོ་ཁེབས། བྱེ་འགྱུར་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ལྷོ་ཁའི་དུམ་བུར་བྱེ་འགྱུར་མི་འདྲ་བའི་བཅོས་སྐྱོང་ས་ཚིགས་དང་དཔེ་སྟོན་ཁུལ་གཏན་འཁེལ་བྱས་ནས“སྦས། འདིང་། འགོག གསོག”བཅས་ཀྱི་སྐྱེ་ཁམས་ཆུ་ས་བང་རིམ་ལྟར་བྱེ་ས་ཞན་འགྱུར་གྱི་སྐྱེ་ཁམས་བཅོས་སྐྱོང་བྱ་ཐབས་བཟོས་པ་དང་། ཐོག་མར་འདེམས་པ་དང་གསོ་སྤེལ་བྱས་པའི་སོན་རྒྱུའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་དངོས་ཕྲ་རབ་ཀྱི་དམིགས་བསལ་འཚོ་གནས་ཁོར་ཡུག་གཏོད་པར་གཞིགས་པའི་བྱེ་འགྱུར་ས་ཆའི་སྐྱེ་ཁམས་བཅོས་སྐྱོང་གི་ཚོད་ལྟ་དཔེ་སྟོན་བྱས་ཡོད།

    “ང་ཚོས་ཐོག་མའི་གདམ་གསེས་དང་གསོ་སྤེལ་རྒྱ་སྐྱེད་བཏང་བའི་སོན་རྒྱུའི་ཐོན་ཁུངས་རྒྱུ་ཆར་བརྩིས་ཏེ་རྩི་ཤིང་སྤོས་འཛུགས་ཚོད་ལྟ་བྱས་པ་དང་འབྲེལ། དགུན་སྒྲོལ་གསོན་ཚད་དང་རྩི་ཤིང་གི་སྐྱེ་འཚར་ཁྱད་ཆོས་སོགས་ཀྱི་ཐད་དཔྱད་དཔོག་བྱས་ཏེ། མཐར་ཕན་འབྲས་ལེགས་ཙམ་ཐོན་པའི་བྱེ་བཅོས་རྒྱུ་ཆ་ཁག་གཅིག་བདམས་པ་ཡིན”ཞེས་ཀྲོའུ་ཕིང་གིས་བརྗོད་པ་དང་། ཁོང་གིས“རང་རྒྱལ་གྱི་ནུབ་བྱང་ས་ཁུལ་གྱི་བྱེ་བཅོས་དང་མི་འདྲ་བར། ཡར་ཀླུང་གཞོང་སའི་ས་འོག་ཆུ་གནས་ཚད་ཅུང་གཏིང་རིང་བ་དང་ཆུ་གསོག་ས་རིམ་གཙོ་བོའི་ཐོག་ཚང་མ་བྱེ་མ་ཡིན་ཞིང་། བྱེ་རིམ་ལ་སྤྱིར་བཏང་གི་ས་རྒྱུ་ལྟར་སྦུག་ཕྲའི་སྣང་ཚུལ་མེད་སྟབས་ཆར་ཆུ་སིམ་རྗེས་བེད་སྤྱོད་སླར་ཡང་གཏོང་ཁག་པོ་ཡོད”ཅེས་བརྗོད།

    དེའི་ཕྱིར། ཀྲོའུ་ཕིང་གི་ཞིབ་འཇུག་ཚོགས་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་པའི་འདུས་རྡུལ་མང་བའི་ཆུ་སྲུང་རྒྱུ་ཆ་ཞིག་གསར་གཏོད་ཀྱི་སྒོ་ནས་ས་རྒྱུའི་ནང་བསྣན་པས“ཆུ་མཛོད་ཆུང་གྲས”མང་པོ་གྲུབ་ཅིང་། ཀྲོའུ་ཕིང་གིས“དཔེར་ན། ཟླ་7པ་དང་8པར་གཅིག་སྡུད་ཆར་ཆུ་མང་བའི་སྐབས་ང་ཚོས་རང་བྱུང་གི་ཆར་ཆུ་སྤྱད་ཆོག་པ་དང་། ཐན་པ་ཅུང་ཆེ་བ་དང་ཆར་ཆུ་མེད་པའི་སྐབས‘ཆུ་མཛོད་ཆུང་གྲས’དེ་དག་སྤྱད་ནས་རྩི་ཤིང་ལ་ཆུ་གཏོང་ཆོག་གི་ཡོད”ཅེས་བརྗོད།

    ཀྲུང་གོ་ཚན་རིག་ཁང་ཤན་རྩ་མཐོ་གྲང་རྩྭ་ཐང་དང་འདམ་རའི་སྐྱེ་ཁམས་མ་ལག་ལྟ་དཔྱད་ཚད་འཇལ་ཚོད་ལྟའི་ས་ཚིགས(གཤམ་དུ“ཤན་རྩ་ས་ཚིགས”ཞེས་བསྡུ་རྒྱུ)ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་ཆགས་ཤིང་། དེ་གར་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པ་དང་། མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕྱོགས་བསྡུས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཤིག་རེད།

    ཝང་ཞའོ་ཏན་ནི་ཤན་རྩ་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་། ལོ་27སྐབས་བོད་དུ་ཐོག་མར་རྟོག་ཞིབ་བྱེད་པར་ཡོང་བ་ནས་བཟུང་། ད་བར་ས་མཐོར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་སོང་། ཁོང་གིས“ལོ་ལྟར་ཟླ་5པ་ནས་10པའི་བར་ཕྱི་རོལ་དུ་ལས་ཀ་བྱེད་པ་དང་། དེ་བྱིངས་ལ་འཚོལ་བསྡུ་བྱས་པའི་དཔྱད་གཞི་དང་གྲངས་གཞིར་ཞིབ་འཇུག་བྱེད་ཀྱི་ཡོད”ཅེས་བརྗོད། ཁོང་གིས“བོད་དུ་ནགས་ཚལ་དང་། ལྡུམ་ཤིང་ཚོམ། སྤང་ལྗོངས། རྩྭ་ཐང་། བྱེ་ཐང་སོགས་སྐྱེ་ཁམས་ཀྱི་རིགས་སྣ་ཚོགས་ཡོད། དུས་ཡུན་ཧ་ཅང་རིང་བའི་ཁོར་ཡུག་འགྱུར་ལྡོག་ཁྲོད་ནས་ས་མཐོའི་སྐྱེ་ཁམས་ཀྱི་ཚན་རིག་དང་མཐུན་པའི་ཆོས་ཉིད་འཚོལ་དགོས་ཚེ། ངེས་པར་དུ་རྐང་པ་གཉིས་ལ་བརྟེན་དགོས”ཞེས་བརྗོད།

    ཤན་རྩ་ས་ཚིགས་སུ་སྐྱེ་དངོས་དང་། ས་རྒྱུ། རླན་གཤེར་བཅས་ཀྱི་ཆེད་ལས་ཚོད་ལྟ་ཁང་3དང་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་བྱ་ཡུལ་བཙུགས་ཡོད་པ་དང་། དེའི་ནང་མཐོ་གྲང་རྩྭ་ཐང་གི་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་བྱ་ཡུལ་ལ་མུའུ་500ལྷག་ཙམ་ཟིན་པ་དང་། མཐོ་གྲང་འདམ་རྫབ་འདམ་རའི་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་བྱ་ཡུལ་ལ་མུའུ་100ཟིན་ཡོད།

    ས་བབ་འདི་འདྲ་མཐོ་བའི་ས་ཆར་ས་ཚིགས་འཛུགས་དགོས་དོན་གང་ཡིན་ཞེས་འདྲི་སྐབས། ཝང་ཞའོ་ཏན་གྱིས་ཤན་རྩ་ས་ཚིགས་ནི་བོད་བྱང་ཐང་ས་མཐོའི་ལྷོ་རྒྱུད་ཀྱི་མཐོ་གྲང་རྩྭ་ཐང་སྟེ་མཚེའུ་གཞོང་ཁུལ་དུ་ཆགས་ཡོད་པས། སྐྱེ་ཁམས་ཐད་མཚོན་བྱེད་རང་བཞིན་ལྡན་པ་དང་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཆེན་པོ་ཡོད་ཅེས་བརྗོད་པ་དང་། ཁོང་གིས“ང་ཚོས་མིའི་རིགས་ཀྱི་བྱེད་སྒོས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་མ་ལག་ལ་ཐོན་པའི་ནུས་པར་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་ནས། ས་མཐོའི་ཁོར་ཡུག་དང་སྐྱེ་ཁམས་མ་ལག་བྱེད་ནུས་ཀྱི་འགྱུར་ལྡོག་གིས་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་ལ་ཐེབས་པའི་ཤུགས་རྐྱེན་སྔོན་དཔག་བྱེད་ཐུབ”ཅེས་བརྗོད།

    ད་ཆ་ཚན་རིག་ཞིབ་འཇུག་བརྒྱུད་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་ཐུབ་ཅིང་། ཝང་ཞའོ་ཏན་གྱིས“ལོ་བཅུ་ཕྲག་ཁ་ཤས་རིང་། བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། མིག་སྔར་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མིག་སྔར་བོད་ཀྱི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་སྤྱི་ཡོངས་བརྟན་པོ་ཡོད། དེའི་མཚོན་ཚུལ་གཙོ་བོ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་བསྡུར་ཚད་བཟུང་ཚད་90%ཡན་ཟིན་ནས་སྐྱེ་ཁམས་མ་ལག་གི་སྔར་ཡོད་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དེ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།