ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་གནང་བར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་8ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་གནང་བ་དེ་ཐོག་ནས་ཀྲུང་དབྱང་གིས་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་པ་མ་ཟད། ནུབ་རྒྱུད་ས་ཁུལ་གྱིས་ལས་དོན་ཁག་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁྲོད་ཀྱི་བོད་ཀྱི་ངེས་གནས་དང་ལས་འགན་ཁོང་དུ་ཆུད་པ་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ལག་བསྟར་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཁྲེན་ཕུའུ་ཡིས། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་འཐབ་ཇུས་གལ་ཆེན་ཞིག་རེད། དེས་ན་རང་རྒྱལ་གྱི་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཡིན་པའི་བོད་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ལས་བྱུང་བའི་སྲིད་ཇུས་ཀྱི་ལེགས་ཆ་བརྒྱུད་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ངང་སྐུལ་འདེད་བཏང་ནས། རང་ལྗོངས་དང་དབུས་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དབར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས། རང་ལྗོངས་ཀྱི་ནང་སྐྱེས་སྒུལ་ཤུགས་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་དང་ཆེ་རུ་གཏོང་དགོས་ཞེས་བརྗོད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་ནག་ཆུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཤིང་ཧྥུའུ་ཡིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་ནན་བཤད་བྱས་པ་དང《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་སླར་ཡང་བཏོན་པ་དེས་གསེར་རྙེད་ཆུས་ཀྱིས་ལག་བསྟར་བྱས་པའི“འབྲོག་གསུམ་མཉམ་འགུལ”གྱི་འཕེལ་རྒྱས་ལམ་བུར་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཀྱིས“ཁྲི་སྟོང་གི་འདུ་འགོད”དང“སྐྱེ་ཁམས་རིག་ལྡན་སྤུས་ལེགས་གྲོང་ཁྱེར”གྱི་ཉམས་མྱོང་དང་བསམ་ཕྱོགས་དཔྱད་གཞིར་བཟུང་ནས། ཡུལ་བབ་དང་བསྟུན་པ་དང་གཞན་གྱི་སྔོན་དུ་འཛིན་ཕོད་པ་བྱས་ཏེ“འབྲོག་ར་ཆེན་པོ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་། མཉམ་ལས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག སྐུལ་ཁྲིད་ཤུགས་ཆེན། དམངས་འཚོར་ཕན་པ”བཅས་རྨང་གཞིར་བྱས་པའི“འབྲོག་གསུམ་མཉམ་འགུལ”གྱི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད། གསེར་རྙེད་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.15བསྡུ་སྒྲིལ་བྱས་ནས་ཚོད་ལྟའི་གྲོང་ཚོ་གསུམ་དུ“འབྲོག་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་བྱས་པ་དང་དམངས་འཚོའི་རིགས་ཀྱི་རྣམ་གྲངས་14དོན་འཁྱོལ་བྱས་ཏེ། ད་ཡོད་ཀྱི་གྲོང་གསེབ་དར་རྒྱས་དང་དམངས་འཚོ་འགན་ལེན་གྱི་རྣམ་གྲངས་དཔེ་སྟོན་གྲོང་ཚོ་དང་ཐག་ཉེ་རུ་བཏང་ནས་རྨང་གཞི་བཟང་བ་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་བའི་དེང་རབས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་མཉམ་དུ་བཏོད་ཡོད་པ་རེད།