དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཚོང་དོན་ལེགས་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-26

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས་སྲིད་ཇུས་ཀྱིས་ལྕག་སྐུལ་དང་བྱེད་སྒོས་གཏིང་ཤུགས་སྔོག་འདོན་ཟུང་འབྲེལ་བྱས་ཐོག་ཕྱོགས་བསྡུས་ཐབས་ཇུས་སྤྱད་དེ་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་བར་རྒྱུན་ཆད་མེད་པར་རམ་འདེགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་ཁག་ཏུ་བསྐྱོད་དེ་དྲ་ཕྱི་ནས་བཞུགས་མོལ་དང་ཡུལ་དངོས་སུ་བརྟག་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཚོང་དོན་འཁོར་རྒྱུག་ཁེ་ལས་ཁག་བསྡོམས་རྩིས་ནང་ཞུགས་པའི་ཧུར་སེམས་ཆེ་རུ་བཏང་བ་དང་འབྲེལ། བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་སྐྱེད་སྲིང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། འདི་ལོའི་ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱིས་བཅད་གྲངས་ཡན་གྱི་ཕྱིར་ཚོང་གྲངས་འབོར་འཕར་ཚད་ཀྱི་ཚན་པ་39ལ་བྱ་དགའི་མ་དངུལ་སྒོར་ཁྲི་429སྤྲད་པ་རེད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་བཅད་གྲངས་ཡན་གྱི་ཁེ་ལས་16གསར་དུ་སྐྱེད་སྲིང་བྱས་པ་དང་རིམ་རྩིས་བྱས་ན་ཁེ་ལས་72ཡོད་པ་རེད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་འཛད་སྤྱོད་ཀྱི་མཚམས་ཚིགས་དམ་འཛིན་ནན་པོ་བྱས་ཏེ་སྒོར་ཁྲི་1300བཏང་ནས“བདེ་སྐྱིད་ཡར་ཀླུང་། འཚོ་བ་ལོངས་སྤྱོད”ཅེས་པའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རེས་སྐོར་3སྤེལ་བར་ཚོང་པ་ཁྱོན་498ཞུགས་པ་དང་ཞིབ་བཤེར་རྩིས་སུབ་མ་དངུལ་སྒོར་ཁྲི་1279ཟིན་ནས་འཛད་སྤྱོད་སྐུལ་ཁྲིད་སྒོར་ཁྲི་7912ཐུབ་ཡོད་པ་དང་། ཁེ་ལས་དང་མཉམ་ལས་ཁང་དྲ་ཐོག་ཚོང་དོན“832ལས་སྟེགས”ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཚོང་དོན་འཁོར་རྒྱུག་ལ་སྐུལ་འདེད་བཏང་ནས་འཁོར་རྒྱུག་ཁྱབ་ཁོངས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་གཅིག་སྡུད་ཉོ་སྒྲུབ་དང་ས་ཁོངས་བརྒལ་བའི་སྡེབ་སྐྱེལ་གྱི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2.09ཟིན་པ་ལས། མིག་སྔའི་བར་རྣམ་གྲངས་དེའི་སྤྱིའི་འཕེལ་རིམ་65%ལེགས་སྒྲུབ་ཟིན་ནས་མ་དངུལ་སྒོར་དུང་ཕྱུར་1.196བཏང་ཚར་བ་དང་གཏོང་ཚད་57%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།