དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥན་ཧའོ་ཐེན་དང་ཆིའུ་ཁྲའོ་དབྱི།“བཀྲ་ཤིས་མཚམས་སྤྲིན”AS700རྟགས་ཅན་མི་བཞུགས་འཕུར་གྲུ་འབབ་ཐང་བརྗེས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་བསྒྲལ་ནས་འཕུར་སྐྱོད་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2024-08-25

    ཟླ་8ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་6པར། རང་རྒྱལ་གྱི་ཚད་ལྡན་ཁྲིམས་སྲོལ་གཞིར་བཟུང་རང་བརྟེན་ཞིབ་བཟོ་དང་རང་བརྟེན་ཤེས་བྱའི་བདག་དབང་ཆ་ཚང་ལྡན་ཞིང་འཕུར་སྐྱོད་བྱེད་པར་འཚམ་པའི“བཀྲ་ཤིས་མཚམས་སྤྲིན”AS700རྟགས་ཅན་མི་བཞུགས་འཕུར་གྲུ་ཐོག་མ་ཁག་10པོ་ཧུའུ་པེའི་ཅིང་མོན་ཀྲང་ཧོ་གནམ་ཐང་ནས་དལ་གྱིས་འཕུར་ཞིང་། ཧུའུ་པེ་དང་། ཧུའུ་ནན། ཀོང་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བསྒྲལ་ཏེ་འཕུར་བར། འཕུར་སྐྱོད་ལམ་ཚད་སྤྱི་ལེ་1000ཙམ་ཟིན་པ་དང་། ཚེས་21ཉིན་གྱི་ཆུ་ཚོད་12དང་སྐར་མ་44ཡི་ཐོག་ཀོང་ཤིས་ཀུའེ་ལིན་དབྱང་ཧྲུའོ་གཡོད་ལེང་རི་བོའི་འབབ་ཐང་དུ་བདེ་བླག་ངང་བབས་པ་རེད།

    དེ་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མི་བཞུགས་འཕུར་གྲུའི་འཕུར་ཡུན་རིང་ཤོས་དང་འཕུར་སྐྱོད་ལམ་ཐག་རིང་ཤོས་དེ་ཡིན་ལ། འབབ་ཐང་བརྗེས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་ནས་འཕུར་སྐྱོད་བྱེད་ཐེངས་ཐོག་མ་དེའང་རེད། འཕུར་སྐྱོད་བྱེད་རིང་ཧུའུ་ནན་ཁྲང་ཏེ་ཐའོ་ཧྭ་ཡོན་གནམ་ཐང་དང་ཧྲའོ་དབྱང་ཝུའུ་ཀང་གནམ་ཐང་བརྒྱུད་པ་མ་ཟད། ས་ཐོག་ཏུ་བབས་ནས་འཕུར་གྲུའི་གནས་ཚུལ་ལ་ཞིབ་བཤེར་དང་ལེགས་སྒྲིག་བྱས་པ་དང་། འཕུར་སྐྱོད་ཀྱི་མཐོ་ཚད་སྨི་500ནས་སྨི་1990བར་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་60ནས་80བར་ཡིན་པ་རེད།

    AS700རྟགས་ཅན་མི་བཞུགས་འཕུར་གྲུ་འཕུར་སྐྱོད་བྱེད་རིང་མང་ཤོས་ལ་ལྗིད་ཚད་སྤྱི་རྒྱ་4150ཐེག་ཐུབ་པ་དང་། འཕུར་སྐྱོད་ཀྱི་ལམ་ཚད་རིང་ཤོས་སྤྱི་ལེ་700དང་འཕུར་ཡུན་རིང་ཤོས་ཆུ་ཚོད་10 མང་ཤོས་ལ་མི་10སྡོད་ཐུབ་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས། མྱུར་བགྲོད་མཁའ་འགྲུལ་གྱི་གནམ་གྲུ་དང་བསྡུར་ཚེ། དེའི་གཟུགས་དབྱིབས་སྒོར་སྒོར་ཡིན་པས་མགྱོགས་པོ་འཕུར་ཐུབ་ཀྱི་མེད་ཅེས་ངོ་སྤྲོད་བྱས།

    AS700རྟགས་ཅན་མི་བཞུགས་འཕུར་གྲུའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ལེ་ཡིས“དེང་རབས་ཀྱི་འཕུར་གྲུའི་ལེགས་ཆ་གཙོ་བོ་ནི་བདེ་འཇགས་རང་བཞིན་ཆེ་བ་དང་། བཀོལ་སྤྱོད་བདེ་བ། སྤྱད་ན་གོང་ཁེ་བ། འཕུར་ཚད་དམའ་བ་དང་མྱུར་ཚད་དལ་བ་བཅས་ཡོད”ཅེས་ངོ་སྤྲོད་བྱས།

    འཕུར་གྲུའི་དགེ་མཚན་གཞན་ཞིག་ནི་གནམ་ཐང་གི་ཆ་རྐྱེན་མཐོ་པོ་མེད་པས། ས་ཆ་གུ་ཡངས་ཤིག་ཡིན་ཚེ་ཐད་ཀར་འཕུར་འབབ་བྱེད་ཐུབ་ལ། དེར་ནུས་ཆེའི་སྐབས་བསྟུན་གྱི་བཀོད་སྒྲིག་ནུས་པ་དང་སྟབས་བསྟུན་རང་བཞིན་ལྡན་པས། ཚངས་ཕྱེད་སྨི་100ལས་མེད་པའི་སྟབས་བདེའི་གནམ་ཐང་ངམ་ཡང་ན་རྩྭ་ཐང་ཐོག་འཕུར་འབབ་བྱེད་ཐུབ་ཀྱི་ཡོད་པ་རེད།

    ན་ནིང་གི་ཟླ་བ་12པར། AS700རྟགས་ཅན་མི་བཞུགས་འཕུར་གྲུར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་སྤྲད་པའི་བཟོ་དབྱིབས་ཚད་ལྡན་གྱི་ལག་ཁྱེར་ཐོབ་སྟེ། གོམ་སྟབས་རྗེས་མར་ཁྲོམ་རར་འདོན་པ་དང་ཚོང་གཉེར་ཐད་སྤྱོད་པར་རྨང་གཞི་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།