ཁྲོན་མཚོ་ལྕགས་ལམ་ངོ་མཚར་ཆེ། སྔོ་ལྗང་རི་ཀླུང་སྣུམ་ཞག་དོད།
མཁའ་དབྱིངས་ནས་ལྷོ་ནུབ་ས་གཞི་ཆེ་མོར་ལྟ་སྐབས། ཁྲེང་ཏུའུ་ཀླུང་ཐང་ནས་འགོ་བཙུགས་ཏེ་མཚོ་བོད་ས་མཐོའི་ཏུང་ཡོན་ནས་མིན་ཧྲན་རི་བོའི་རི་རྒྱུད་བར་དུ་ལྕགས་ལམ་ཞིག་ཡོད་པ་དེ་ལམ་བར་དུ་ཧོང་ལུང་དང་གཟི་ཚ་སྡེ་དགུ་བརྒྱུད་མཛོད་དགེ་འདམ་རའི་མཐའ་ནས་བསྐོར་ཏེ་མཐར་མཚོ་བོད་ས་མཐོར་འབྱོར་གྱི་ཡོད།
དེ་ནི་ཁྲོན་མཚོ་ལྕགས་ལམ་ཡིན་པ་དང་ཤར་ངོས་སི་ཁྲོན་ཁྲེང་ཏུའུ་ནས་ནུབ་ངོས་མཚོ་སྔོན་ཟི་ལིང་བར་ཡིན་ཞིང་། རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ཁྲོད་ཀྱི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་གྲུབ་ཆ་ཞིག་རེད།
ཁྲོན་མཚོ་ལྕགས་ལམ་རང་བྱུང་སྲུང་སྐྱོང་ཁུལ་མང་པོ་བརྒྱུད་དེ་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་དང་མཉམ་དུ་འགྲོགས་ནས་ལམ་ཐིག་འདེམས་པ་དང་འཛུགས་སྐྲུན་གཉེར་སྐྱོང་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་ལྗང་མདོག་སྐྱེ་ཁམས་ཀྱི་ས་མཐོའི“མཁའ་ལམ”ཞིག་བསྐྲུན་ཡོད།
ལམ་ཐིག་འདེམས་པར“ཐག་ཉེ་ཞིང་གནོད་འཚེ་མི་ཕོག་པའི”རྩ་དོན་སྤྱད་པ།
དོམ་ཁྲའི་རང་བྱུང་སྲུང་སྐྱོང་ཁུལ་དང་དོམ་ཁྲའི་བར་ཁྱམས་ལ་གཡོལ་གང་ཐུབ་བྱས་པ་དང་། གཟི་ཚ་སྡེ་དགུ་དང་ཧོང་ལུང་ཆུ་འགོ་ཁ་གསབ་ལ་ཤུགས་རྐྱེན་མི་ཐེབས་པར་བྱས་པ།
ཧོང་ལུང་དང་གཟི་ཚ་སྡེ་དགུར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་སོང་།
མིག་སྔར། ཁྲོན་མཚོ་ལྕགས་ལམ་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་དུམ་བུ་མཉམ་དུ་ལེགས་སྒྲིག་དང་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའི་བབས་ཚུགས་ཤར་མ་ནས་མྱུར་བགྲོད་མེ་འཁོར་ལ་བསྡད་ཚེ་ཆུ་ཚོད་གཉིས་ཙམ་ལ་ཧོང་ལུང་གི་གཟི་ཚ་སྡེ་དགུའི་བབས་ཚུགས་སུ་ཐད་ཀར་འབྱོར་གྱི་ཡོད།
ཧོང་ལུང་དང་གཟི་ཚ་སྡེ་དགུར་སྐྱོད་འདོད་ཡོད་པའི་ཡུལ་སྐོར་བ་མི་ཉུང་བ་ཞིག་ལ་སེམས་འགུལ་ཚད་མེད་ཐེབས་མོད། འོན་ཀྱང་ཇུས་འགོད་པ་དང་འཛུགས་སྐྲུན་པར་མཚོན་ན་ལམ་དེ་ཧ་ཅང་བཟོ་ཁག་པོ་བྱུང་ཡོད།
ས་ཁོངས་འདི་འདྲར་ལྕགས་ལམ་སྐྲུན་སྐབས་ལམ་ཐིག་ཇི་ལྟར་འདེམས་དགོས་སམ།
ཁྲོན་མཚོ་ལྕགས་ལམ་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་ཀྱི་འགན་འཁུར་བ་མུའུ་ཡ་ལིན་གྱིས་ངོ་སྤྲོད་བྱས་པར། ཚོགས་པས་རྣམ་གྲངས་ཞིབ་འཇུག་གི་ཐོག་མའི་དུས་ནས་ལམ་རྒྱུད་ཀྱི་རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ཤུགས་རྐྱེན་མི་ཐེབས་པ་དང་། མཛེས་ལྗོངས་ཐོན་ཁུངས་ལ་གཏོར་བཤིག་མི་ཕོག་པ། གཙང་པོ་དང་ཆུ་འགོར་སྦགས་བཙོག་མི་ཕོག་པ། སྐྱེ་ཁམས་ཁོར་ཡུག་སླར་གསོ་ཐུབ་པ་བཅས་ཀྱི་རྩ་དོན་གཏན་འཁེལ་བྱས་ཡོད་པ་རེད།
དེའི་རྨང་གཞིའི་ཐོག་ཇུས་འགོད་ཚོགས་པས་ད་དུང་དོམ་ཁྲའི་རང་བྱུང་སྲུང་སྐྱོང་ཁུལ་དང་དོམ་ཁྲའི་བར་ཁྱམས་ལས་གཡོལ་གང་ཐུབ་བྱས་པ་དཔེར་ན། དོམ་ཁྲའི“རྒྱུད་སྤེལ་བར་ཁྱམས”ཀྱི་ས་ཆར་ཆེད་མངགས་ལམ་བུ་ཇུས་འགོད་བྱས་ནས་འཛུགས་སྐྲུན་རྒྱ་ཁྱོན་20%ཆེ་རུ་བཏང་བ་ལྟ་བུ་རེད།
“ཕུག་ལམ་ཕུག་ཚེ་རི་བོའི་ཆུ་རྒྱུག་ཕྱོགས་ལ་ཤུགས་རྐྱེན་ཕོག་སྲིད་པ་ཞིག་རེད”ཁྲེང་ལན་ལྕགས་ལམ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྥུའུ་གོ་ཁྲེང་གིས། ལམ་ཐིག་འདེམས་སྐབས་ཇུས་འགོད་འཛུགས་སྐྲུན་ཚོགས་པས“ཐག་ཉེ་ཞིང་གནོད་འཚེ་མི་གཏོང་བའི”རྩ་དོན་སྤྱད་དེ་ས་གཤིས་རྩད་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད་གཟི་ཚ་སྡེ་དགུ་དང་། ཧོང་ལུང་། ཧྲེན་ཞན་ཁྲེ་བཅས་དང་མིན་ཅང་གཙང་པོའི་ཆུ་འགོ་དང་། ཕུའུ་ཅང་གཙང་པོ། ཅ་ལིང་གཙང་པོའི་ཆུ་འགོ དེ་བཞིན་ཆུ་འགོ་གསབ་ཁུལ་བཅས་ཀྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་གསལ་པོ་བྱས་ནས་འབྲེལ་ཡོད་ས་ཁོངས་བསྐོར་ཏེ་རང་བྱུང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ཡོད་ཅེས་བཤད།
ཕུག་ལམ་རིང་པོ་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་པ།
“འགྲུལ་པ་ཕུག་ལམ་ནང་སྐྱོད་སྐབས། མགོ་སྟེང་གི་སྨི་སྟོང་གི་ས་ངོས་སུ་དོམ་ཁྲ་འགྲོ་འོང་བྱེད་ཀྱང་སྲིད”
ཚོད་འཛིན་ནན་པོ་བྱེད་པའི་ལམ་ཐིག་འདེམས་པའི་ཆ་རྐྱེན་འོག་གཡོལ་ཐབས་རྦད་དེ་བྲལ་ཚེ་ཕུག་ལམ་རིང་པོ་དང་ཕུག་ལམ་གཅིག་ལ་གཅིག་མཐུད་ཀྱི་བྱ་ཐབས་སྤྱད་དེ་འཚོ་སྡོད་ཁུལ་དུ་གནོད་མེད་ངང་སྐྱོད་ཐུབ་པ་བྱེད་ཀྱི་ཡོད།
ཁྲོན་མཚོ་ལྕགས་ལམ་གྱིས་ཆན་ཧྥོ་རི་བོ་དང་པའོ་ཏིང་ལུང་ཤུར་གྱི་རང་བྱུང་སྲུང་སྐྱོང་ཁུལ་བརྒྱུད་སྐབས་རིང་ཚད་སྤྱི་ལེ་28.4ཡོད་པའི་ཕུག་ལམ་བཟོས་ཏེ་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་བཏང་ཡོད་པ་རེད། དེ་ཙམ་གྱིས་མ་ཚད་པར་ཨར་ལས་ཀྱི་གསོར་འབིགས་འབར་གས་དང་མེ་འཁོར་འཁོར་སྐྱོད་ལས་བྱུང་བའི་གཡོ་འགུལ་གྱིས་རི་སྐྱེས་སྲོག་ཆགས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། ས་འོག་གི་ལིའུ་ཐུང་ཀྲའེ་ཕུག་ལམ་གྱི་གཏིང་རིང་ཚད་སྨི་1000ལྷག་ཙམ་ཟིན་ཡོད་པ་རེད།
“ཁྲེང་ཏུའུ་བབས་ཚུགས་ཤར་མ་ནས་ཀྲེན་ཅང་ཀོན་བབས་ཚུགས་བར་ལྕགས་ལམ་རི་བོའི་རྒྱུད་དུ་འཛུལ་རྗེས་ཕུག་ལམ་སྤྱི་ལེ་130ཙམ་ཡོད་པ་དང་ས་བབ་མཐོ་ཚད་སྐར་ཆ་རེར་སྨི་1མཐོ་རུ་ཕྱིན་ནས་གློག་སྐས་རིང་པོར་བསྡད་པའི་ཚོར་སྣང་ཡོང་གི་ཡོད”མེ་འཁོར་C6008གྱི་འགོ་འཛིན་དབྱངས་ཅན་མཚོ་ཡིས“འགྲུལ་པ་ཕུག་ལམ་ནང་སྐྱོད་སྐབས། མགོ་སྟེང་གི་སྨི་སྟོང་གི་ས་ངོས་སུ་དོམ་ཁྲ་འགྲོ་འོང་བྱེད་ཀྱང་སྲིད”ཅེས་བཤད།
ཕུག་ལམ་རིང་པོ་དང་ཕུག་ལམ་གཅིག་ལ་གཅིག་མཐུད་བསྐྲུན་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན།
ཧྥུའུ་གོ་ཁྲེང་གིས“ས་གཤིས་ནས་བལྟས་ཚེ། ཁྲོན་མཚོ་ལྕགས་ལམ་ནི་རང་རྒྱལ་གྱི་ས་དབྱིབས་སྐས་རིམ་ཧེ་བག་ཆེ་ཤོས་ཀྱི་ལྕགས་ལམ་ཞིག་ཡིན་པ་དང་ས་གཤིས་གྲུབ་ཚུལ་གྱི་ཆ་རྐྱེན་རྙོག་འཛིང་ཆེ་བས་འཛུགས་སྐྲུན་ལ་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད”ཅེས་བཤད། སི་ཁྲོན་དང་མཚོ་སྔོན་ལྕགས་ལམ་གྱི་ཁྲེང་ཏུའུ་བབས་ཚུགས་ཤར་མ་ནས་ཧོང་ཧྲེང་ཀོན་བར་གྱི་རི་ཁུལ་དུ་ཕུག་ལམ་གྱི་བསྡུར་ཚད་95%ཡན་ཟིན་པ་དང་། ས་འོག་ཏུ་གཏིང་ཚད་སྨི་1000ཡན་ཟིན་པའི་ལྕགས་ལམ་ལམ་དུམ་སྨི་སྟོང་18ཟིན་པ་དང་། ས་འོག་ཏུ་གཏིང་ཚད་སྨི་500ནས་སྨི་1000བར་གྱི་ལམ་དུམ་སྨི་55ཟིན་པ་ལས་ཏེ་ཧྲེང་ཕུག་ལམ་གྱི་རིང་ཚད་ཧྲིལ་པོར་སྨི་22943ཡོད་པ་དང་ཤུགས་འགྲེམས་མེ་འཁོར་ལ་བསྡད་ན་སྐར་མ་7ལས་འགོར་གྱི་མེད་ཀྱང་དེ་བསྐྲུན་པར་ལོ་10ཙམ་འགོར་བ་རེད།
མཛོད་དགེའི་འདམ་ར་ཕལ་ཆེ་བར་གཡོལ་བ།
“ལམ་བསྐོར་ནས་འགྲོ་དགོས་འཁེལ་ཡང་སྲུང་སྐྱོང་ཁུལ་ལ་གནོད་འཚེ་བཟོ་མི་རུང”
མུ་མཐུད་བྱང་ཕྱོགས་སུ་བསྐྱོད་ཚེ་སི་ཁྲོན་དང་མཚོ་སྔོན་ལྕགས་ལམ་གྱི་ཧོང་ཧྲེང་ཀོན་ས་ཚིགས་བྱང་རྒྱུད་ཀྱི་ལམ་དུམ་དུ་ཨར་ལས་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པ་དང་། མཛོད་དགེ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་མ་གྲོས་གཅིག་མཐུན་ཚུལ་དུ་འཕྲད།
མཛོད་དགེ་འདམ་རས་ལོ་ལྟར་རྨ་ཆུའི་འབབ་རྒྱུད་ལ་ཆུ་གསབ་ཚད་རྨ་ཆུའི་འབབ་རྒྱུད་ཡོངས་ཀྱི་ཆུ་འབོར་གྱི་8%ཟིན་གྱི་ཡོད་པས། དེ་གར་ལྕགས་ལམ་སྐྲུན་སྐབས་ཐོག་མའི་ཇུས་འགོད་ནས་བར་གྱི་ཨར་ལས་བར་ཚང་མར་གཟབ་གཟབ་ནན་ནན་བྱེད་དགོས་ཀྱི་ཡོད།
ཁྲེང་ལན་ལྕགས་ལམ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྲེང་ཤིས་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་དབྱིན་ཅན་ཝུན་གྱིས“ལམ་བསྐོར་ནས་འགྲོ་བ་ནི་ང་ཚོའི་གདམ་ག་དང་པོ་དེ་ཡིན། ལམ་བསྐོར་ནས་འགྲོ་དགོས་འཁེལ་ཡང་སྲུང་སྐྱོང་ཁུལ་ལ་གནོད་འཚེ་བཟོ་མི་རུང་། ས་གཤིས་རྩད་ཞིབ་ཞིབ་ཕྲ་དང་ཁོར་ཡུག་གདེང་འཇོག་ལེགས་སུ་བཏང་བ་བརྒྱུད་བསྐོར་ནས་འགྲོ་སའི་ལམ་རྒྱུད་ཕལ་ཆེ་བ་འདམ་ར་ཡིན་པ་དང་ལམ་ཐིག་ཧྲིལ་པོར་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་80%ལྷག་ཙམ་ཟིན་ཡོད”ཅེས་བཤད།
དེས་མ་ཚད། རྐང་འོག་གི་ས་ཆ་ཚང་མར་ཨར་ལས་ཚོགས་པས་སྲུང་སྐྱོང་ཆེན་པོ་བྱེད་ཀྱི་ཡོད།
འདམ་རར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་ཆེད། ཨར་ལས་ཚོགས་པས་འདམ་ར་ཆུ་རྒྱུད་དུ་བརྩིས་ཏེ་ལྕགས་རྩིབས་ཟམ་པ་བརྒྱབ་ནས་ཨར་ལས་ཀྱི་སྟབས་བདེའི་ལམ་དུ་བྱས་ཏེ་ཨར་ལས་ཚང་མ་ལྕགས་རྩིབས་ཟམ་པ་ནས་བྱེད་ཀྱི་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་ཅུས་ཉེར་ལྔ་པའི་རྣམ་གྲངས་ཀྱི་འགན་འཁུར་བ་དབན་པིང་ཧུང་གིས“དེ་ལྟར་བྱས་ཚེ་གནས་སྐབས་སྤྱོད་པའི་ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.1ཙམ་ཉུང་དུ་འགྲོ་བ་དང་། ཨར་ལས་མཇུག་འགྲིལ་རྗེས་ལྕགས་རྩིབས་ཟམ་པ་བཤིགས་ན་ཨར་ལས་ཀྱི་ཤུལ་མི་ལུས་པ་མ་ཟད་འདམ་རར་སྲུང་སྐྱོང་ནུས་ལྡན་ཐུབ་རྒྱུ་རེད”ཅེས་བཤད།
ས་མཐོའི་རྩྭ་ཐང་ས་ཁོངས་སུ་སྐྱེ་དངོས་བར་ཁྱམས་མང་པོ་ཇུས་འགོད་བྱས་ཏེ་རི་སྐྱེས་སྲོག་ཆགས་འགྲོ་སྐྱོད་བྱེད་བདེ་བ་དང་ཆུ་ཁུངས་ཀྱི་བགྲོད་ལམ་སོར་འཇོག་གང་ཐུབ་བྱེད་པ་ལ་སོགས་ཁྲོན་མཚོ་ལྕགས་ལམ་གྱི་ཧོང་ཧྲེང་ཀོན་ནས་ཟི་ལིང་བར་གྱི་དུམ་བུར་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་གནས་ཚུལ་ཞིབ་ཕྲ་དེ་ལྟ་བུ་ད་དུང་ཡང་མང་པོ་ཡོད།