རང་ལྗོངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་དབར་སྒྲིག་འཛུགས་བྱས་པའི་སྨན་བཅོས་ཡོ་བྱད་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་ནང་ཧུར་ཐག་ཞུགས་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། 2019ལོ་ནས་བཟུང་རང་ལྗོངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་དབར་གྱིས་སྒྲིག་འཛུགས་བྱས་པའི་སྨན་བཅོས་ཡོ་བྱད་གཅིག་སྡུད་འབོར་བཅད་ཉོ་སྒྲུབ(གཤམ་དུ“གཅིག་སྡུད་ཉོ་སྒྲུབ”ཅེས་བསྡུ་རྒྱུ)ཀྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཐད། རྒྱལ་ཁབ་ཀྱི་གཅིག་སྡུད་ཉོ་སྒྲུབ་ཁག་ཐེངས་9དང་ཞིང་ཆེན་དབར་མནའ་འབྲེལ་གྱི་གཅིག་སྡུད་ཉོ་སྒྲུབ་ཁག་ཐེངས་12ལག་བསྟར་དོན་འཁྱོལ་བྱས་པར་སྨན་རྫས་རིགས་784ཟིན་ཡོད་པ་དང་། རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་ཐད། རྒྱལ་ཁབ་ཀྱི་གཅིག་སྡུད་ཉོ་སྒྲུབ་ཁག་ཐེངས་4དང་ཞིང་ཆེན་དབར་མནའ་འབྲེལ་གྱི་གཅིག་སྡུད་ཉོ་སྒྲུབ་ཁག་ཐེངས་14ལག་བསྟར་དོན་འཁྱོལ་བྱས་པར་རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་རིགས་20ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་འཆར་འགོད་ནང་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་ཀྱི་སྨན་རྫས་རིགས་500དང་རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་རིགས་5ཉོ་སྒྲུབ་བྱེད་པའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཏེ། གཅིག་སྡུད་འབོར་བཅད་སྨན་རྫས་ཉོ་སྒྲུབ་དང་རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིགས་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། ཚོད་རྩིས་རགས་ཙམ་བྱས་པར། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་ཁག་ཐེངས་དང་པོ་ནས་བདུན་པའི་བར་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་བྱས་ནས་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གཏོང་སྒོའི་གནོན་ཤུགས་དང་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་སྒོར་དུང་ཕྱུར་4.5ཡང་དུ་བཏང་ཡོད།
རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེང་ཞུའེ་ཧུང་གིས“རྒྱུན་ཆད་མེད་པར་གསོ་སྦྱོང་དང་དྲིལ་བསྒྲགས་བྱས་པ་བརྒྱུད། རང་ལྗོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིས་གཅིག་སྡུད་ཉོ་སྒྲུབ་ཀྱི་སྲིད་ཇུས་ལ་ངོས་འཛིན་དང་གོ་བ་ལེན་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ་དང་། གཅིག་སྡུད་ཉོ་སྒྲུབ་ནང་ཞུགས་མཁན་སྨན་བཅོས་སྒྲིག་གཞིའི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། གཅིག་སྡུད་ཉོ་སྒྲུབ་ནང་ཞུགས་པ་བརྒྱུད་རང་ལྗོངས་ཀྱི་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིན་གོང་ཆེས་ཆེར་ཆག་པ་དང་ནད་པའི་སྨན་སྤྱོད་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད། བདམས་པའི་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིན་གོང་ཆག་ཚད་71.66%དང་71.46%སོ་སོར་ཟིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཀྲེང་ཞུའེ་ཧུང་གིས། དུས་ཡུན་རིང་པོའི་ནང་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་མཁོ་སྤྲོད་དཀའ་བ་དང་རིན་གོང་མཐོ་བའི་རང་ལྗོངས་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱ་ཆེད། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་རང་འགུལ་ངང་ལས་དོན་སྤེལ་བ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སི་ཁྲོན་ཞིང་ཆེན་དང《ཁྲོན་བོད་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་ཀྱི་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན》བཞག་སྟེ་ཁྲོན་བོད་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་ཀྱི་གྲངས་གཞི་ཕན་ཚུན་འབྲེལ་མཐུད་ཐུབ་པ་དང་སྨན་སྤྱོད་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་དང་རིན་གོང་གཅིག་མཚུངས་ཡོང་བ་བྱས་ཏེ། ཁྲོན་བོད་ཞིང་ཆེན(རང་སྐྱོང་ལྗོངས)གཉིས་ཀྱི་ནད་པར་སྤུས་ལེགས་གོང་ཁེའི་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་སྤྱོད་པར་འགན་ལེན་ནུས་ལྡན་བྱས་ཡོད། མིག་སྔའི་བར། ཁྲོན་བོད་སྨན་བཅོས་ཡོ་བྱད་མཉམ་འགུལ་དཀར་ཆག་དང་ཉོ་སྒྲུབ་ལས་སྟེགས་ཀྱི་དེ་སྔའི་རིན་གོང་གྲངས་གཞི་དང་བསྡུར་ན་སྨན་རྫས་དཀར་ཆག་དེ་སྔའི་ཁག་ཁྲི་1.3ནས་ད་ལྟའི་ཁག་ཁྲི་4.2བར་གསར་དུ་ལེགས་སྒྲིག་བྱས་པ་དང་། སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་དཀར་ཆག་དེ་སྔའི་ཁག་ཁྲི་15.44ནས་ད་ལྟའི་ཁག་ཁྲི་375.9བར་གསར་དུ་ལེགས་སྒྲིག་བྱས་པ། ལུས་ཕྱིའི་བརྟག་དཔྱད་ཚོད་སྨན་གྱི་དཀར་ཆག་དེ་སྔའི་ཁྲི་11.05ནས་ད་ལྟའི་ཁྲི་7.8བར་ཁུ་བསྡུ་བྱས་ཡོད། བྱེད་སྟངས་དེས་རང་ལྗོངས་ཀྱི་སྨན་བཅོས་ཡོ་བྱད་རིན་གོང་གི་དཀར་ཆག་རིགས་ཕུན་སུམ་ཚོགས་སུ་ཕྱིན་ནས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་བྱེད་པའི་གདམ་ག་དེ་བས་མང་དུ་སོང་ཡོད། ཁྲོན་བོད་ཞིང་ཆེན(རང་སྐྱོང་ལྗོངས)གཉིས་ཀྱིས་གཅིག་སྡུད་ཉོ་སྒྲུབ་མཉམ་ལས་བྱས་པ་ནས་བཟུང་སྨན་རྫས་ཀྱི་རིན་གོང་20%ཡན་ཆག་པ་དང་སྨན་བཅོས་ཡོ་བྱད་ཀྱི་རིན་གོང་བརྟན་པོ་དང་ལུགས་མཐུན་གྱི་རྣམ་པ་མངོན་ནས། རང་ལྗོངས་ཀྱི་སྨན་བཅོས་ཡོ་བྱད་སྤྱིར་ན་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱུང་ཡོད། མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ཁྲོན་བོད་ཞིང་ཆེན(རང་སྐྱོང་ལྗོངས)གཉིས་ཀྱི་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་ཀྱི་གྲངས་གཞི་མཉམ་འགུལ་གྱི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཁྲོན་བོད་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་ཀྱི་ལས་སྟེགས“བོད་སྨན་མཉམ་འགུལ་ཆེད་དོན་ཁུལ”གྱི་ནུས་པའི་དཔེ་དབྱིབས་བཙུགས་ཁར། ཕྱོགས་གཉིས་པོས་མཉམ་འགུལ་ངང་བོད་སྨན་སྣ་ཁ་119ཡི་རིན་གོང་བཀོད་ནས་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ་དང་འཐབ་ཇུས་མཉམ་ལས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།