དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-25

    ཉེ་ཆར། གསར་འགོད་པར་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་12པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་པ་ཁྲི་11.6ཟིན་པ་དེ་2010ལོ་ལས་120.1%འཕར་བའི་ནང་མཐོ་རིམ་ལག་རྩལ་པ་ཁྲི་1.37ཡོད་པ་དེ་2010ལོ་ལས་377.4%འཕར་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་དོན་ལ“གྲངས་འབོར་ལོ་རེ་བཞིན་འཕར་བ་དང་། གྲུབ་ཆ་རྒྱུན་མཐུད་ལེགས་སུ་འགྲོ་བ། རིམ་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱིས“ལྗོངས་ནང་ཁུལ་གྱི་ཤེས་ལྡན་པ་དང་། ས་ཆ་གཞན་དུ་གསོ་སྐྱོང་བྱེད་པ། བོད་དུ་ལོག་ནས་ལས་ཀ་བྱེད་པ”བཅས་ཀྱི་གསོ་སྐྱོང་བྱེད་སྟངས་ལག་བསྟར་ཤུགས་ཆེན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རྐང་འཛིན་པའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་། གཞི་རིམ་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གཙོ་གནད་དུ་བྱས་པའི་གསོ་སྦྱོང་རྟེན་གཞི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ཁྱབ་ཡོད། གསོ་སྐྱོང་ཁྱབ་ཁོངས་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་བཅས་དང་། ཞིང་ནགས་འབྲོག་གསུམ། ཆུ་བེད་འགྲིམ་འགྲུལ་སོགས་ལས་རིགས་26དང་འབྲེལ་བ་ཡོད་པ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གང་ལེགས་མཐུན་ནས་ཤེས་ལྡན་པ་སྐྱེད་སྲིང་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཏེ“གསོ་སྐྱོང་གཅིག་བྱས་ནས་ཁག་གཅིག་ལ་སྐུལ་ཁྲིད་དང་ཡུག་གཅིག་ལ་ཤུགས་རྐྱེན་ཐེབས་པའི”དམིགས་ཚད་མངོན་འགྱུར་ཐུབ་ཡོད། གསོ་སྐྱོང་མཇུག་འགྲིལ་རྗེས་ལས་གནས་སུ་ལོག་མཁན་སློབ་མས་སྦྱངས་པའི་ཤེས་བྱ་གསར་པ་དང་། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་དཔྱད་རྩོམ་ཁག་1580ལྷག་ཙམ་སྤེལ་བ་དང་། ཆེད་རྩོམ་130ཙམ་དཔེ་སྐྲུན་བྱས་པ། སློབ་གཞི་ཁག་180ལྷག་ཙམ་རྩོམ་འབྲི་བྱས་པ། རྒྱལ་ཁབ་རིམ་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་ཚན་ཞིབ་བྱ་གཞི་ཁག་740ལྷག་ཙམ་གཙོ་སྐྱོང་དང་དེའི་ནང་ཞུགས་པ། བོད་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་བྱ་དགའ་ཁག་370ལྷག་ཙམ་ཐོབ་པ། ཚན་ཞིབ་གྲུབ་འབྲས་ཁག་130ལྷག་ཙམ་གཞན་སྒྱུར་ནུས་ལྡན་ཐུབ་པ་བཅས་བྱུང་ནས་ཤེས་ལྡན་པའི་འདེགས་སྐྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འདོན་སྤེལ་ཐུབ་ཡོད།

    དེ་དང་ཆབས་ཅིག དམིགས་བསལ་གསོ་སྐྱོང་རིགས་གཅིག་མཁས་ཅན་གྱིས་གཞི་རིམ་ལ་ཞབས་འདེགས་ཧུར་ཐག་ཞུས་ཤིང་། རིམ་རྩིས་བྱས་ན་དམིགས་བསལ་གསོ་སྐྱོང་གི་རིགས་གཅིག་མཁས་ཅན་ཚོགས་པའི་ཞབས་ཞུའི་བྱེད་སྒོ་དུས་ཐེངས་15སྤེལ་བ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་210ལྷག་ཙམ་གཞི་རིམ་དུ་བསྐྱོད་དེ་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་སྨན་བཅོས་འཕྲོད་བསྟེན་དང་། བཟོ་སྐྲུན་ལག་རྩལ། ཞིང་འབྲོག་ཚན་རྩལ་སོགས་འཕྲལ་མཁོ་ཆེ་ཞིང་དཀོན་པའི་ཤེས་ལྡན་པ་མི་ཐེངས་5000ལྷག་ཙམ་གསོ་སྐྱོང་བྱས་པས། སློབ་གསོ་དང་། འཕྲོད་བསྟེན། བཟོ་སྐྲུན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ཤེས་བྱ་གསར་བརྗེས་མགྱོགས་མྱུར་ཐུབ་པ་དང་། གཞི་རིམ་གྱི་ཤེས་ལྡན་པའི“གཞན་བརྟེན”ནས“རང་བརྟེན”གྱི་ནུས་པ་ཆེ་རུ་ཕྱིན་ཡོད།

    2009ལོ་ཚུན་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན། བོད་ཀྱི་དམིགས་བསལ་གསོ་སྐྱོང་ཁག་གསུམ་གྱི་དུས་ཐེངས་15སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ཞིང་ཆེན(གྲོང་ཁྱེར)21གི་མཐོ་སློབ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། ཚན་ཞིབ་ཁང་དང་སུའོ་སོགས་178ཀྱིས་རིམ་རྩིས་བྱས་ན་བོད་རང་སྐྱོང་ལྗོངས་ལ་ཡུལ་དེ་གའི་ཆེད་ལས་ལག་རྩལ་རྐང་འཛིན་པ་1800གསོ་སྐྱོང་བྱས་པས་བོད་ཀྱི་དམིགས་བསལ་གསོ་སྐྱོང་དེ་བོད་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པ་གསོ་སྦྱོང་གི་དཔེ་སྟོན་འདུ་འགོད་ལ་གྱུར་ཡོད།

    བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་དམིགས་བསལ་གསོ་སྐྱོང་ཁག་བཞི་པ་དེ་དུས་གོང་ཁག་གསུམ་གྱི་རྣམ་པ་དང་བླང་བྱར་མུ་མཐུད་གཞིགས་ནས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གདམ་གསེས་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ནོར་སྲིད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གསོ་སྐྱོང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ་དམིགས་བསལ་གསོ་སྐྱོང་གི་སློབ་མ་ལོ་ལྟར་མི་120ནས་180བར་མང་དུ་བཏང་བ་དང་། རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་ཚོགས་པ་ལོ་ལྟར་དུས་ཐེངས་1ནས་2བར་མང་དུ་བཏང་སྟེ་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།