གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་སྒུག་ཡུན་གཏན་འཁེལ་བྱས་པ།
ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། འགན་བཅོལ་ནང་ཞུགས་པའི་གྲུབ་ཆ་ལེགས་སུ་གཏོང་བ། འགན་བཅོལ་ནང་ཞུགས་པའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་ལྟར་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
དེའི་ནང“སྨན་རིན་རྩིས་ཞུའི་སྒུག་ཡུན”ཞེས་པར་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ཡོད། སྨན་རིན་རྩིས་ཞུའི་སྒུག་ཡུན་ཐད་ལ་གཏན་འབེབས་ཅི་ཞིག་ཡོད་དམ། ནད་གཞི་ཕོག་པའི་རྗེས་ལ་གཞི་ནས་འགན་བཅོལ་ནང་ཞུགས་ན་སྨན་རིན་རྩིས་ཞུ་འཕྲལ་མར་རག་གི་ཡོད་དམ། འགན་བཅོལ་དངུལ་སྐྱེལ་མཚམས་ཆད་རྗེས་ཇི་ལྟར་བྱས་ནས་སླར་ཡང་འགན་བཅོལ་ནང་ཞུགས་དགོས་སམ་ཞེས་པ་ལ་སོགས་པའི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བས་གསལ་འགྲེལ་བྱས་པ་སྟེ།
དྲི་བ། སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་སྒུག་ཡུན་ཞེས་པ་ཅི་ཞིག་ལ་ཟེར་རམ།
དྲིས་ལན། སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་སྒུག་ཡུན་ཞེས་པ་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་སྲིད་ཇུས་དང་གཏན་འབེབས་ལྟར་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་དུས་ཐོག་ཏུ་འཇལ་མེད་པའི་རྐྱེན་གྱིས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་འཕྲལ་མར་ལོངས་སུ་སྤྱོད་ཐབས་བྲལ་ཞིང་། དུས་ཡུན་ངེས་ཅན་ཞིག་བསྒུགས་ན་གཞི་ནས་ལོངས་སུ་སྤྱོད་ཆོག དུས་ཡུན་འདིར་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་སྒུག་ཡུན་ཟེར། སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་སྒུག་ཡུན་ནང་སྤྲོད་དགོས་བྱུང་བའི་སྨན་རིན་རྣམས་རྩིས་ཞུ་བྱེད་ཐབས་བྲལ་བས། འགན་བཅོལ་ནང་ཞུགས་མཁན་རང་ཉིད་ཀྱིས་སྤྲོད་དགོས།
དྲི་བ། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གཅིག་སྡུད་བསྡུ་འཇལ་མིན་པའི་དུས་ཡུན་གྱི་གྲོན་དངུལ་འཇལ་སྤྲོད་དང་གྲོན་དངུལ་འཇལ་མཚམས་འཇོག་མཁན་གྱི་སྒུག་ཡུན་ཆེད་མངགས་གཏན་འཁེལ་བྱེད་དོན་ཅི་ཡིན་ནམ།
དྲིས་ལན། རང་རྒྱལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནི་བཙན་ཤེད་ཀྱིས་འགན་བཅོལ་ནང་ཞུགས་སུ་བཅུག་པ་མིན། དེ་སྔོན་མི་ཁག་གཅིག་གིས་གདམ་ག་ཡོད་པའི་སྒོ་ནས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་གྱི་ཡོད། བདེ་ཐང་སྐབས་འགན་བཅོལ་ནང་མི་ཞུགས་པ་དང་། གྲོན་དངུལ་མི་འཇལ་བ། ལེགས་སྐྱེས་འབུལ་གྱི་མེད། ནད་གཞི་ཕོག་སྐབས་གཞི་ནས་འགན་བཅོལ་ནང་ཞུགས་ཏེ་མི་གཞན་གྱི་ལེགས་སྐྱེས་ལོངས་སུ་སྤྱོད་ཀྱི་ཡོད། མིག་སྔར་སྨན་ཁང་དུ་སྡོད་ཐེངས་རེར་ཆ་སྙོམས་བྱས་ན་སྨན་རིན་སྒོར་4437རྩིས་ཞུ་བྱེད་ཅིང་། གལ་ཏེ་སྨན་རིན་རྩིས་ཞུའི་སྒུག་ཡུན་མ་བཟོས་ཚེ། ནད་གཞི་ཕོག་རྗེས་གཞི་ནས་སྒོར་བརྒྱ་ཕྲག་ཁ་ཤས་འཇལ་ནས་འགན་བཅོལ་ནང་ཞུགས་མཁན་ཇེ་མང་དུ་འགྲོ་རྒྱུ་རེད། དེ་འདྲ་བྱས་ན་མཐར་འགན་བཅོལ་ནང་ཞུགས་མཁན་ཡོངས་ཀྱི་ཁེ་ཕན་ལ་གནོད་རྒྱུ་རེད། དེར་བརྟེན་ལམ་ལུགས་ཡུན་རིང་རྒྱུན་མཐུད་ཐུབ་རྒྱུར་དམིགས་ཏེ། འཇལ་མཚམས་འཇོག་མཁན་དང་དུས་ཐོག་ཏུ་འགན་བཅོལ་ནང་ཞུགས་མེད་མཁན་ཐད་སྨན་རིན་རྩིས་ཞུའི་སྒུག་ཡུན་གཏན་འཁེལ་བྱེད་དགོས་ཀྱི་ཡོད། སྒུག་ཡུན་ནང་སྤྲོད་དགོས་བྱུང་བའི་སྨན་རིན་སྨན་བཅོས་འགན་བཅོལ་གྱིས་རྩིས་ཞུ་བྱེད་ཀྱི་མེད། ལག་ལེན་ལས་ཀྱང་སྨན་རིན་རྩིས་ཞུའི་སྒུག་ཡུན་བཟོ་བའི་དགོས་ངེས་རང་བཞིན་ར་འཕྲོད་ཐུབ་ཡོད།
དྲི་བ། སྨན་རིན་རྩིས་ཞུའི་སྒུག་ཡུན་ཇི་ལྟར་བྱས་ནས་གཏན་འཁེལ་བྱེད་ཀྱི་ཡོད་དམ།
དྲིས་ལན། མཛུབ་སྟོན་བསམ་འཆར་ནང“སྒུག་ཡུན་གཉིས”བཀོད་སྒྲིག་བྱས་ཡོད་པ་སྟེ། གཏན་འཇགས་སྒུག་ཡུན་དང་འགྱུར་རུང་སྒུག་ཡུན་རེད། 2025ལོ་ནས་བཟུང་ཕྲུ་གུ་དམར་འབྱར་སོགས་དམིགས་བསལ་ཚོགས་སྤྱི་ཕུད། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གཅིག་སྡུད་འགན་བཅོལ་ནང་ཞུགས་པའི་དུས་ཡུན་ནང་འགན་བཅོལ་ནང་ཞུགས་མེད་པའམ་ཡང་ན་འགན་བཅོལ་ནང་བསྟུད་མར་ཞུགས་མེད་མཁན་ལ་ཆ་མཚོན་ན། འགན་བཅོལ་ནང་ཞུགས་རྗེས་གཏན་འཇགས་སྒུག་ཡུན་ཟླ་བ་གསུམ་བཀོད་སྒྲིག་བྱས་ཡོད། བསྟུད་མར་འགན་བཅོལ་ནང་ཞུགས་མེད་པའི་རིགས། འཇལ་མཚམས་བཞག་ནས་ལོ་གཅིག་ཐོལ་པ་ཕྱིན་ན་གཏན་འཇགས་སྒུག་ཡུན་ཟླ་བ་གསུམ་གྱི་རྨང་གཞིའི་ཐོག་འགྱུར་རུང་སྒུག་ཡུན་ཟླ་བ་གཅིག་ཁ་སྣོན་རྒྱག་དགོས་ཞེས་གཏན་འཁེལ་ཁ་གསལ་བྱས་ཡོད། འགན་བཅོལ་ནང་ཞུགས་མཁན་གྱི་གནས་ཚུལ་དངོས་ལ་བསམ་གཞིགས་བྱས་ནས་མཛུབ་ཁྲིད་བསམ་འཆར་ནང་ད་དུང་འགན་བཅོལ་ནང་ཞུགས་མཁན་གྱིས་འགན་བཅོལ་དངུལ་འཇལ་ནས་འགྱུར་རུང་སྒུག་ཡུན་ཐུང་དུ་གཏོང་ཆོག་པ་སྟེ། འཇལ་སྤྲོད་ཚད་གཞི་སྐབས་དེའི་འགན་བཅོལ་ནང་ཞུགས་སའི་ས་གནས་ཀྱི་མི་སྒེར་གྱིས་འཇལ་བའི་ཚད་གཞིར་གཞིགས་དགོས། གྲོན་དངུལ་ལོ་གཅིག་ཐོལ་པ་འཇལ་ན་འགྱུར་རུང་སྒུག་ཡུན་ཟླ་བ་གཅིག་ཉུང་དུ་གཏོང་ཆོག་ཅེས་བཏོན་ཡོད།