དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ནག་ཆུའི་རྟ་རྒྱུག་དུས་ཆེན་དུ་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-24

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར། ཝེ་ཀོན་ཡུས།

    ཟླ་8པའི་བྱང་ཐང་དུ་རྩྭ་ཆུ་བཟང་ཞིང་ནོར་ལུག་དག་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་ཐོག་ཅི་དགར་རོལ་བཞིན་ཡོད། ཉམས་དགའ་བའི་དུས་ཚིགས་འདིར་བོད་ཀྱི་ནག་ཆུ་གྲོང་ཁྱེར་གྱིས་ལོ་གཅིག་དུས་གཅིག་གི་རྩྭ་ཐང་གི་འདུ་ཚོགས་ཏེ་འཆར་ཅན་རྟ་རྒྱུག་དུས་ཆེན་གཉེར་བ་རེད།

    ད་ལོའི་རྟ་རྒྱུག་དུས་ཆེན་དུ་ནག་ཆུའི་ཆུས་དང་རྫོང་ཁག་ནས་ཡོང་བའི་འབྲོག་པ་དང་ཚོང་པས་མཉམ་དུ་རྟ་རྒྱུག་ལ་བལྟ་བ་དང་ཚོང་འདུས་ལ་ཡང་ཞུགས་ཡོད། འབྲོག་པ་ཚོས་ས་གནས་འདིའི་རྟ་རྒྱུག་སྲོལ་རྒྱུན་གྱི་ལོ་རྒྱུས་ཡུན་རིང་བ་གནའ་བོའི་བོད་རིགས་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོའི་དུས་སུ་གཏུག་ཆོག་ཅེས་གསར་འགོད་པར་བཤད།

    སྲོལ་རྒྱུན་གྱི་རྟ་རྩལ་དང་རྟ་རྒྱུག་འགྲན་བསྡུར་བྱས་པ་མ་ཟད། ད་ཆའི་རྟ་རྒྱུག་དུས་ཆེན་དེ་ཕུལ་བྱུང་རིག་གནས་འགྲེམས་སྟོན་དང་། ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་། “དབྱར་རྩྭ་དགུན་འབུ་རྩེ་གྲ”དཔྱད་འདེམས། ཚོང་འགུགས་མ་འདྲེན་གྱི་གྲོས་མོལ། ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བཅས་གཞི་གཅིག་ཏུ་འདུས་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།

    རྟ་རྒྱུག་ཐང་ཆེན་གྱི་ཕྱི་རོལ་ཏུ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤོ་མོང་ཤང་ཧར་མདོ་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྲོམ་སྟེགས་སུ་ལྟོ་ཕད་དང་འུར་རྡོ་སོགས་འབྲོག་པའི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བཤམས་ཡོད་པ་དང་། ཅ་དངོས་ཉོ་མཁན་ཡང་རྒྱུན་ཆད་རྒྱུ་མེད་པ་རེད། མཉམ་ལས་ཁང་དེ་2017ལོར་བཙུགས་རྗེས་ཤོ་མོང་ཤང་གི་བུད་མེད་ཚོར་ལག་ཤེས་ཐོན་རྫས་བསླ་རུ་བཅུག་ཡོད། མིག་སྔར་ཧྲེ་ཡོན་7ལ་ཟླ་རེར་གླ་ཕོགས་སྒོར་1500རེ་རག་གི་ཡོད། ད་རེས་ཀྱི་རྟ་རྒྱུག་དུས་ཆེན་ལ་ཞུགས་ཆེད། ཁོང་ཚོ་ཉིན་དགུ་ཡི་སྔོན་ལ་ས་ཆ་དེར་ཡོང་ནས་གྲ་སྒྲིག་བྱས་ཤིང་། ཚོང་པས“ཐོན་རྫས་འདི་དག་ལ་ནག་ཆུ་འབྲོག་ཁུལ་གྱི་ཁྱད་ཆོས་ཧ་ཅང་ཟབ་པས། ཡུལ་ཕྱོགས་གཞན་གྱི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་འདུག ཉིན་ལྟར་ཕྱིར་ཚོང་ཡོང་འབབ་སྒོར་3000ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།

    རྩྭ་ཐང་དུ་གུར་དཀར་པོ་སྐར་ཚོགས་ས་ལ་འཕོས་པ་བཞིན་ཡོད་པ་དང་མི་ཚོགས་ཀྱིས་ཁེངས་བཞིན་འཁྲུག་ཆ་ཧ་ཅང་དོད། གུར་ཆེན་པོ་ཞིག་གི་ནང་དུ་སྒྲོམ་སྟེགས་ཐོག་དཀར་ཆུའི་ཐོན་རྫས་སྤུས་ལེགས་སྣ་ཚོགས་བཤམས་འདུག ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ཡུལ་དེ་གའི་ཐོན་ཁུངས་ལ་གཞི་ཚུགས་ཏེ་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བཙུགས་ནས་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ཡོད། རྟེན་གཞིས་ཡུལ་དེ་གའི་འབྲོག་པའི་ལག་ནས་འབྲིའི་འོ་མ་སོས་པ་ཉོས་ཏེ་ཞོ་དང་། མར། འཁྱགས་པ་བྱི་རིལ་སོགས་བཟོས་ཏེ་ཡུལ་ལུང་གང་སར་འཚོང་གི་ཡོད། རྟེན་གཞིའི་འགན་འཁུར་བ་འབུམ་ཐར་རྒྱལ་གྱིས། རྟ་རྒྱུག་དུས་ཆེན་དུ་ཁྲོམ་སྟེགས་གཉིས་ཐོག་དཀར་ཆུའི་ཐོན་རྫས་འཚོང་གི་ཡོད་ལ་ཉིན་ལྟར་ཕྱིར་ཚོང་བྱེད་ཚད་སྒོར་10000ཡན་ཟིན་གྱི་ཡོད་ཅེས་བཤད།

    ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུར་སྐད་གྲགས་ཆེན་པོ་ཡོད། ད་རེས་ཀྱི་རྟ་རྒྱུག་དུས་ཆེན་དུ་ནག་ཆུ་གྲོང་ཁྱེར་གྱིས་ད་དུང་དབྱར་རྩྭ་དགུན་འབུའི་ཚོང་ཆེན་དང་འབྲོག་པ་གདན་དྲངས་ནས“དབྱར་རྩྭ་དགུན་འབུ་རྩེ་གྲ”དཔྱད་འདེམས་དང་ཧབ་འཚོང་གི་བྱེད་སྒོ་སྤེལ་ཡོད། ལས་དོན་པས་ངོ་སྤྲོད་བྱས་པ་ལྟར་ན། ཁྱོན་ཚོང་དུད་40ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

    ད་ལོའི་རྟ་རྒྱུག་དུས་ཆེན་རིང་། ནག་ཆུ་གྲོང་ཁྱེར་གྱིས་ད་དུང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་ཀྱི་གན་འཇོག་མཛད་སྒོ་ཡང་གཉེར་བ་རེད། གན་རྒྱ་འཇོག་ཡུལ་དུ་མ་འཇོག་གྲོས་མཐུན་ཁག་14བདེ་བླག་ངང་བཞག་ཅིང་། རྣམ་གྲངས་ནང་ནུས་རྒྱུ་གཙང་མ་དང་། ཞབས་ཞུའི་ལས་རིགས། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་སོགས་ཚུད་པའི་ཁར་མ་འཇོག་གྲོས་མཐུན་གྱི་སྤྱི་འབོར་སྒོར་དུང་ཕྱུར་80.33ཟིན་ཡོད།

    ད་ཆ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྟ་རྒྱུག་བྱེད་སྒོ་དེ་ནག་ཆུའི་དཔལ་འབྱོར་ཡར་རྒྱས་དང་བྱང་ཐང་གི་རིག་གནས་དང་ཐོན་རྫས་ཐོན་ཁུངས་མངོན་པ་དང་དེ་བཞིན་ནག་ཆུས་ཕྱི་ཕྱོགས་སྒོ་དབྱེ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་འདུ་ཚོགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།