དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-24

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ངེས་པར་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་མུ་མཐུད་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ནས་ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

    ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཟླ་8ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་བློ་མཐུན་ཏེང་ཞའོ་ཕིང་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཆེན་པོ་ལྡན་པའི་ཕུལ་བྱུང་འགོ་ཁྲིད་པ་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་སྲོག་ཤིང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གསར་གཏོད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་སྲོལ་གཏོད་པ་གཙོ་བོ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་པ་བཅས་ཡིན་ཞིང་། ཁོང་གིས་ཏང་དང་། མི་དམངས། རྒྱལ་ཁབ། མི་རིགས། འཛམ་གླིང་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་། མཛད་རྗེས་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པ་དང་། མི་རབས་རྗེས་མར་ནམ་ཡང་སྐུལ་ལྕག་ཐེབས་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཞི་ཅིན་ཕིང་གི་གསུང་བཤད་ནང་བསྟན་དོན། བློ་མཐུན་ཏེང་ཞའོ་ཕིང་གི་སྐུ་ཚེ་ཧྲིལ་པོ་ནི་འོད་སྟོང་འཕྲོ་བ་དང་། འཐབ་འཛིང་། རླབས་ཆེན་བཅས་ཀྱི་སྐུ་ཚེ་ཧྲིལ་པོ་ཞིག་རེད། ཁོང་གིས་ཏང་གིས་འགོ་ཁྲིད་གནང་བའི་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་བྱ་གཞག་དང་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་གནང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆེད་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཡོད། “རིག་གནས་གསར་བརྗེ་ཆེན་པོ”མཇུག་འགྲིལ་རྗེས། ཁོང་གིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་སྲོག་ཤིང་ཡིན་པའི་ངོས་ནས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁ་ཕྱོགས་རླབས་པོ་ཆེ་མངོན་འགྱུར་བྱུང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་གནང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་གནང་བ། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བའི་ཐབས་ལམ་ཡང་དག་གཏན་འཁེལ་གནང་བ། འོད་སྟོང་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་གནང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་གསར་གཏོད་གནང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཏེང་ཞའོ་ཕིང་གི་ལོ་རྒྱུས་མཛད་རྗེས་ནི་ཕྱོགས་ཡོངས་དང་གསར་གཏོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། ཀྲུང་གོ་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་ནི་གཏིང་ཟབ་དང་ཡུན་རིང་ཞིག་རེད། ཁོང་གི་སྐུ་ཚེ་ཧྲིལ་པོའི་འབད་འཐབ་ལོ་རྒྱུས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཤིན་ཏུ་བརྟན་པའི་བླ་ན་མེད་པའི་ཐུགས་རྒྱུད་དང་། མི་དམངས་ལ་དགའ་ཞེན་ཚད་མེད་གནང་བའི་རླབས་ཆེན་གྱི་བརྩེ་སེམས། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་གནང་བའི་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད། རྒྱུན་ཆད་མེད་པར་གསར་འབྱེད་གསར་གཏོད་གནང་བའི་ཆབ་སྲིད་ཀྱི་བློ་སྟོབས། གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དགོངས་པ། སྒེར་སེམས་མེད་པའི་ཐུགས་རྒྱ་ཡངས་པོ་བཅས་གང་ལེགས་མཚོན་ཡོད། ཁོང་གི་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས། ཁོང་གི་བླ་ན་མེད་པའི་གསར་བརྗེའི་ཉམས་འགྱུར་ལ་ང་ཚོས་ནམ་ཡང་དད་གུས་ཞུ་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཏེང་ཞའོ་ཕིང་གིས་ང་ཚོར་བཞག་གནང་བའི་བསམ་པའི་རྒྱུ་ནོར་གལ་ཆེ་ཤོས་ནི་ཁོང་གིས་གཙོ་བོ་གནང་ནས་གསར་གཏོད་བྱས་པའི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་རེད། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་མུ་མཐུད་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། དེའི་ཚན་རིག་དང་མཐུན་པའི་གོ་དོན་དང་ལྟེ་བའི་དོན་སྙིང་ཆ་ཚང་དང་གནད་འཁེལ་ངང་གོ་བ་ལེན་དགོས། བློ་མཐུན་ཏེང་ཞའོ་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གཞིགས་ནས་བཏོན་གནང་བའི་སྡོམ་ཚིག་གལ་ཆེན་དང་། གཞི་རྩའི་དགོངས་པ། ཡང་དག་པའི་འདོད་ཚུལ་བཅས་མཐའ་འཁྱོངས་བྱེད་དགོས་ལ། རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་པའི་གནས་ཚུལ་ལ་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་དང་ངོ་བོ་ཁོང་དུ་ཡང་དག་ཆུད་མཁས་པོ་བྱས་ཏེ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་སྤྱད་ནས་བདེན་དོན་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་ཐེབས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པར་ཕྱོགས་འཛོལ་མི་ཡོང་བ་བྱེད་ཐུབ་པ་བྱེད་དགོས། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བླ་སྲོག་ཡིན་པའི་མར་ཁེ་སི་རིང་ལུགས་དང་རྩ་བ་ཡིན་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པ། མིའི་རིགས་སྤྱི་ཚོགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་མཁས་པོ་བྱེད་པ། བདེན་དོན་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་གནད་དོན་ཞིབ་འཇུག་གཏིང་ཟབ་བྱེད་པ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་གསལ་པོ་བཏབ་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱིས་འོད་མདངས་བཀྲ་བའི་བདེན་དོན་གྱི་འོད་སྟོང་དེ་བས་ཆེ་བ་འཚེར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཏེང་ཞའོ་ཕིང་ལ་དྲན་གསོ་ཡག་ཤོས་ནི་ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དེ་རེད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་འདིར་དམ་པོར་དམིགས་ནས་སྔ་འཛིན་ཕྱི་གཏོད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་རྒྱུན་ཆད་མེད་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དེར་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ཀྲུང་གོ་སྐྲུན་པ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་གཏོང་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ཏེ། ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བ་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོའི་འདུན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་གི་བསམ་འདུན་ཡིན་ལ། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཀྱང་ཡིན། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་བས་མཉམ་འདྲེས་ཐུབ་པ་དང་འཕེལ་རྒྱས་སྔར་ལས་ལེགས་པ་ཡོང་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས། ང་ཚོས་དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་གཅིག་མཐུན་ངོས་འཛིན”མཐའ་འཁྱོངས་ཀྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་ངང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་མཁན་བློ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་ཤིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་དོན་འཁྱོལ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་རྒྱུན་ཆད་མེད་པར་གོ་སྐབས་གསར་པ་མཁོ་འདོན་བྱེད་དགོས།

    ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཏེང་ཞའོ་ཕིང་གི་འོད་སྟོང་འཕྲོ་བ་དང་། འཐབ་འཛིང་། རླབས་ཆེན་བཅས་ཀྱི་སྐུ་ཚེ་ཧྲིལ་པོར་བརྩེ་སེམས་ཟབ་མོས་ཕྱིར་དྲན་གནང་ཞིང་། བློ་མཐུན་ཏེང་ཞའོ་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་གྲུབ་འབྲས་ཐོབ་པའི་ངང་གསར་གཏོད་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་གནང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་གནང་བ་བཅས་ཀྱི་རླབས་ཆེན་གྱི་ལོ་རྒྱུས་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་མུ་མཐུད་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ་དང་བློ་མཐུན་ཏེང་ཞའོ་ཕིང་གི་བླ་ན་མེད་པའི་གསར་བརྗེའི་ཉམས་འགྱུར་སློབ་སྦྱོང་བྱས་ཏེ། ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་གནད་ལ་འཁེལ་ཞིང་གཏིང་ཟབ་པ་ཞིག་ཡིན་པས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེས་རང་རེའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། དོན་འཁྱོལ་གཏིང་ཟབ་བྱེད་པ། སེམས་ཤུགས་གཅིག་སྒྲིལ། ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།