དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “སྲིད་སློབ་ཁེ”གསུམ་མཉམ་འགུལ་གྱིས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད།

    —— གོ་འཇོ་རྫོང་གི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-23

    ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག གོ་འཇོ་རྫོང་ལ་ལས་ཞུགས་ཀྱི་ཁུར་པོ་ལྕི་རུ་དང་ཤེས་ལྡན་པ་མཁོ་སྤྲོད་དོ་སྙོམས་མེད་པའི་དཀའ་གནད་འཕྲད་ཡོད།

    འགྲན་སློང་དེར་ཁ་གཏད་གཅོག་ཆེད། གོ་འཇོ་རྫོང་སྲིད་གཞུང་གིས་ས་གནས་དེ་གའི་ཁེ་ལས་དང་ལག་རྩལ་སློབ་གྲྭ་དང་མཉམ་ལས་དམ་ཟབ་བྱས་ཏེ། ལས་ཞུགས་རྩལ་ནུས་གསོ་སྦྱོང་གི་རྣམ་གྲངས་རབ་དང་རིམ་པ་བཏོན་པ་དེས་ཁེ་ལས་ཀྱི་ཤེས་ལྡན་པ་ཁ་ཐང་བའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    གོ་འཇོ་རྫོང་གིས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཐོན་ལས་བཀོད་སྒྲིག རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་དོན་དངོས་གཞིར་བཟུང་། ཤེས་ལྡན་པའི་ཐད་ཀྱི་ཁེ་ལས་ཀྱི་ཞིབ་ཕྲའི་དགོས་མཁོ་དང་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ཀྱི་འདོད་མོས་བསྡུ་ལེན་རྒྱ་ཁྱབ་བྱེད་པ་དང་། ས་གནས་དེ་གའི་མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་ལ་གཞི་ཚུགས་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་འགོ་འཛུགས་པར་དམ་པོར་དམིགས་པ་བཅས་བྱས་ཏེ། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་གསོ་སྦྱོང་སྒྲིག་གཞི་གདན་དྲངས་ནས་ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་གསོ་སྦྱོང་སློབ་ཚན་ཇུས་འགོད་བྱས་པ་རེད།

    གོ་འཇོ་རྫོང་གི་སྲིད་གཞུང་དང་། སློབ་གྲྭ ཁེ་ལས་བཅས་ཕྱོགས་གསུམ་གྱི་ཐུན་མོང་འབད་བརྩོན་འོག ད་ལོ་ཚུན་དུ། ལས་ཞུགས་རྩལ་ནུས་གསོ་སྦྱོང་རྣམ་གྲངས་ཁག་ཚ་ཚ་འུར་འུར་ངང་སྤེལ་བ་རེད།

    ད་ལོའི་ཟླ་4པར། གོ་འཇོ་རྫོང་མི་དོན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཆབ་མདོ་གྲོང་ཁྱེར་ཁོའོ་ཅིང་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་གཉེར་འགན་ཁུར་བའི་རྩལ་ནུས་གསོ་སྦྱོང་ལྷ་རྒྱལ་ཤང་དུ་གཉེར་བ་རེད། ད་ཐེངས་ཀྱི་གསོ་སྦྱོང་ལ་ཁྱོན་འཛིན་གྲྭ་གཉིས་བཙུགས་པ་སྟེ། དུས་ཡུན་ཉིན་45ཡི་བོད་ཟས་མ་བྱན་གྱི་གསོ་སྦྱོང་འཛིན་གྲྭ་དང་དུས་ཡུན་ཉིན་30ཡི་ཆུ་གློག་ཉམས་བཟོ་བའི་གསོ་སྦྱོང་འཛིན་གྲྭ་ཡིན་ཞིང་། ལྷ་རྒྱལ་ཤང་གི་ཞིང་འབྲོག་མང་ཚོགས་92གསོ་སྦྱོང་ལ་ཞུགས་པ་རེད།

    འཇམ་དབྱངས་དོན་གྲུབ་ནི་གསོ་སྦྱོང་རྣམ་གྲངས་དེའི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད།

    འཇམ་དབྱངས་དོན་གྲུབ་ཀྱིས་རྒྱ་སྐད་ཤོད་མི་ཤེས་ལ་ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པས། སོ་སོའི་བློ་ལ་བབས་པའི་ལས་ཀ་དུས་ཡུན་རིང་པོ་རག་མེད། ཁོང་གིས་གོ་འཇོ་རྫོང་གིས་ལས་ཞུགས་རྩལ་ནུས་གསོ་སྦྱོང་གཉེར་རྒྱུ་ཡིན་པ་ཤེས་འཕྲལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་གློག་ཉམས་བཟོ་བའི་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད། ཁོ་པ་གསོ་སྦྱོང་ལ་ཞུགས་པ་བརྒྱུད་ལག་རྩལ་ཤེས་པ་མ་ཟད། ད་དུང་ཁོ་པའི་མཐོང་རྒྱ་དང་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད།

    “གསོ་སྦྱོང་མཇུག་འགྲིལ་རྗེས་གྲོང་རྡལ་གྱི་ཁྱིམ་སྤྱོད་གློག་ཆས་ཉམས་བཟོ་ཁང་ཞིག་ཏུ་ལས་ཀ་རག་བྱུང་། ལས་གནས་དེ་ངའི་གསོ་སྦྱོང་ནང་དོན་དང་འབྲེལ་བ་དམ་ཟབ་ཡོད་པས་ལས་ཀ་དེར་མགྱོགས་པོ་གོམས་བྱུང་ལ་སྦྱིན་བདག་གི་ཁས་ལེན་ཡང་ཐོབ་བྱུང”ཞེས་འཇམ་དབྱངས་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།

    ད་ཐེངས་ཀྱི་གསོ་སྦྱོང་མཇུག་འགྲིལ་རྗེས་གོ་འཇོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སླར་ཡང་ཕྱོགས་གསུམ་པའི་ཆེད་ལས་རྩལ་ནུས་གསོ་སྦྱོང་སྒྲིག་གཞི་དང་མཐུན་སྦྱོར་བྱས་ཏེ་གོ་འཇོ་རྫོང་གི་ཞིང་འབྲོག་པའི་ཨར་ལས་རུ་ཁག་30ལྷག་ཙམ་གྱི“ཁོངས་མི་ཆེ་གྲས་ལྔར”གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་རེད།

    དེ་དང་ཆབས་ཅིག སྲིད་གཞུང་དང་། སློབ་གྲྭ ཁེ་ལས་བཅས་ཕྱོགས་གསུམ་གྱིས་མཉམ་དུ་གཉེར་བའི་གོ་འཇོ་རྫོང་ལྷ་ཐོ་800MWའོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་མངགས་ཐོ་རྣམ་པའི་རྩལ་ནུས་མཐོར་གཏོང་གསོ་སྦྱོང་འཛིན་གྲྭ་ཡང་གོ་འཇོ་རྫོང་ལྷ་ཐོ་ཤང་དུ་བདེ་བླག་ངང་སློབ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་གསོ་སྦྱོང་ནང“ཁེ་ལས་ཀྱིས་མངགས་ཐོ་སྤྲོད་པ་དང་ངལ་ནུས་འདོན་ཡུལ་གྱིས་མངགས་ཐོ་ལེན་པའི”བྱེད་ཐབས་བརྒྱུད་གསོ་སྦྱོང་དང་ཁེ་ལས་ཀྱི་ལས་གནས་དགོས་མཁོ་མཉམ་འདྲེས་དམ་ཚགས་བྱས་ཏེ། གནས་གཏན་འཁེལ་གྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་པར་ལས་གནས་སྦྲེལ་མཐུད་གནད་འཁེལ་ཐུབ་ཡོད།

    ལོ་མང་རིང་གི་འབད་བརྩོན་བརྒྱུད། གོ་འཇོ་རྫོང་གི་ལས་ཞུགས་རྩལ་ནུས་གསོ་སྦྱོང་རྣམ་གྲངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ད་ལོ་ཚུན་དུ། གོ་འཇོ་རྫོང་གིས་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་ཐེངས་13གཉེར་བར་མི་གྲངས་591ལ་གསོ་སྦྱོང་བྱས་ཡོད། དེའི་ནང“མངགས་ཐོ་རྣམ་པ”དང“ཁ་ཕྱོགས་གཏན་འཁེལ་རྣམ་པའི”རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་8གཉེར་བ་དང་། མི་346ལ་གསོ་སྦྱོང་བྱས་པ། མི་346ལས་ཞུགས་ཐུབ་པ་མ་ཟད། ལྗོངས་ཕྱི་ནང་དུ་ལས་ཞུགས་ལས་གནས་860ལྷག་ཙམ་གསར་སྤེལ་བྱས་པ། ལས་མི་བསྡུ་བའི་འདུ་ཚོགས་ཆུང་གྲས་ཐེངས་4གཉེར་བ། ལས་གནས་210ལྷག་ཙམ་བཏོད་པ། མི་ཐེངས་200ལྷག་ཙམ་ལས་ཞུགས་ཐུབ་པ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།