སྡོང་ཕྲུག་ཐོན་ལས་དར། གྲོང་མིའེ་ཡོང་འབབ་འཕར།
—— རུ་ཐོག་རྫོང་རེ་བཅོལ་གྲོང་ཚོས་སྡོང་ཕྲུག་རྟེན་གཞི་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བའི་སྐོར་བཀོད་པ།
འདི་ནི་སྔོ་ལྕང་གིས་རྒྱན་པའི་རེ་བཅོལ་གྲོང་ཚོ་ཡིན་པ།
ངང་ལག་རྒྱ་ལྕང་ཞེས་འབོད་དོན་ནི་མཚོ་མོ་ངང་ལག་རིང་མོའི་མཐའ་འཁོར་དུ་སྐྱེས་པས་དེ་ལྟར་བརྗོད། དེ་ནི་རུ་ཐོག་རྫོང་ཁོ་ནར་སྐྱེས་པའི་ཐུན་མོང་མ་ཡིན་པའི་ཤིང་སྡོང་རིགས་ཤིག་ཡིན་ཞིང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན། ལྷག་པར་དུ་རེ་བཅོལ་གྲོང་ཚོའི་ཆོས་ལུང་ཞོལ་མ་ཚོགས་ཆུང་དུ་ངང་ལག་རྒྱ་ལྕང“རྒན་ཤོས”ལོ་200ལྷག་ཙམ་ཟིན་པ་ཞིག་ཡོད་པས། རེ་བཅོལ་གྲོང་ཚོར“ངང་ལག་རྒྱ་ལྕང་གི་ཕ་ས”ཞེས་གང་སར་སྐད་གྲགས་ཆོད་ཡོད།
ཉེ་བའི་ལོ་ཤས་རིང་། རེ་བཅོལ་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བས་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་གྱི་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་གཉེར་སྐྱོང་བྱེད་སྟངས་ཤིག་ཆགས་པ་དང་། ཏང་ཀྲི་པུས་སྣེ་ཁྲིད་བྱེད་པ་དང་། མཉམ་ལས་ཁང་གིས་ཕྱིར་ཚོང་གཙོ་བོར་བྱེད་པ། ཞིང་དུད་ཀྱིས་ཐོན་སྐྱེད་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་རྟེན་གཞི་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས། ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང་མང་ཚོགས་ལ་འབབ་འཕར་ཡང་བྱུང་ནས་གྲོང་མི་ཚོ་ཕ་ཡུལ་དང་གྲོང་ཚོ་ནས་ཐོན་མི་དགོས་པར་འབབ་འཕར་ཕྱུག་འགྱུར་བྱུང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཐུབ་ཡོད།
“ངང་ལག་རྒྱ་ལྕང་ནི་གྲང་ཐན་ཐེག་ཐུབ་པས་ས་མཐོར་སྐྱེས་སླ་བས། མཐོ་ཞིང་གྲང་བ་དང་། གསོ་རླུང་དཀོན་པ། ཐན་ཆེ་ཆར་ཉུང་གི་གངས་ལྗོངས་ས་མཐོར་མཚོན་ན། ཁོར་ཡུག་མཛེས་བཟོ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་པའི་གདམ་ག་ཡག་ཤོས་ཤིག་རེད” “ལོ་འདི་དག་རིང‘རི་གཉིས’ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ་དང་བསྟུན་ནས་ས་ཁུལ་ཁག་ཏུ་སྡོང་ཕྲུག་འཛུགས་པའི་ཚ་རླབས་འཕྱུར་བས། ང་ཚོའི་གྲོང་ཚོའི་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད”ཅེས་རེ་བཅོལ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཁྲེང་ཁང་གིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། དང་ཐོག་རེ་བཅོལ་གྲོང་ཚོའི་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་རྟེན་གཞིའི་གཞི་ཁྱོན་ཅུང་ཆུང་མོད། ཡིན་ན་ཡང་རུ་ཐོག་རྫོང་ཨུད་དང་། རྫོང་སྲིད་གཞུང་། དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག སྡོང་ཕྲུག་རྟེན་གཞི་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད། 2022ལོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1800བཏང་ནས་སྡོང་ཕྲུག་གསོ་ས་དྲོད་ཁང་ཆེ་མོ་3བསྐྲུན་པ་དང་། མིག་སྔའི་བར། སྡོང་ཕྲུག་རྟེན་གཞི་དེར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་བ་རེད། རེ་བཅོལ་གྲོང་ཚོའི་གྲོང་མི་643ལ་མི་རེར་སྡོང་ཕྲུག་རྐང་100རེའི་ཚད་གཞི་བྱས་ནས་མ་རྐང་ནང་ཞུགས་པ་དང་མ་རྐང་ནང་ཞུགས་ཚད་100%དང་སྡོང་ཕྲུག་རྟེན་གཞིའི་རྒྱ་ཁྱོན་མུའུ་2500ལྷག་ཙམ་ཟིན་པ་རེད།
གྲོང་མི་བདེ་ཆེན་ཆོས་འཕེལ་གྱིས“ད་ལྟ་སྡོང་ཕྲུག་འཛུགས་པའི་དུས་ཚིགས་རེད། ངས་རྟེན་གཞི་འདིར་སྡོང་ཕྲུག་འདེབས་འཛུཊ་དང་། ཆུ་རྒྱག་པ། བདག་སྐྱོང་བཅས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ཉིན་རེར་གླ་ཕོགས་སྒོར་260འདུག ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད་པས་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་རེད”ཅེས་དགའ་སྤྲོའི་ངང་བཤད།
“ངང་ལག་རྒྱ་ལྕང་འདི་དག་ངས་ད་ལོ་དཔྱིད་ཀར་བཙུགས་པ་ཡིན། ཧ་ལམ་ཁྱིམ་ཚང་ཚང་མས་ཁང་པའི་རྒྱབ་མདུན་དུ་བཙུགས་པས་ད་ཆ་གང་སར་སྔོ་ཐིང་ཐིང་དུ་གྱུར་ནས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། ད་དུང་སྡོང་ཕྲུག་རྟེན་གཞི་དང་གྲོང་མི་གཉིས་ཀར་འབབ་འཕར་བྱུང་ཡོད”ཅེས་ངང་ལག་རྒྱ་ལྕང་ལ་ཆུ་རྒྱག་བཞིན་པའི་ཁེར་རྐྱང་འདེབས་འཛུགས་དུད་ཚང་སྐལ་བཟང་འཕྲིན་ལས་ཀྱིས་བཤད།
རེ་བཅོལ་གྲོང་ཚོར། སྐལ་བཟང་འཕྲིན་ལས་དང་འདྲ་བར་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་བཙུགས་ཏེ་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་པའི་མང་ཚོགས་མང་པོ་ཡོད། ཁྲེང་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། གྲོང་ཚོ་ཡོངས་སུ་རང་ཁྱིམ་གྱི་རྒྱབ་མདུན་དུ་ངང་ལག་རྒྱ་ལྕང་འདེབས་འཛུགས་བྱེད་མཁན་དུད་ཚང་192ཡོད་པ་རེད།
ཁྲེང་ཁང་གིས“ང་ཚོའི་གྲོང་ཚོའི་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་མངའ་རིས་ཀྱི་ས་ཆ་ཁག་ཏུ་འཚོང་གི་ཡོད་པ་མ་ཟད། ད་དུང་གཞིས་རྩེ་དང་། ནག་ཆུ། ཤིན་ཅང་སོགས་སུ་ལའང་འཚོང་གི་ཡོད། ད་ལོ་སྡོང་ཕྲུག་རྟེན་གཞིས་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་རྐང་ཁྲི་51.4བཙོངས་པར་ཡོང་འབབ་སྒོར་ཁྲི་271.3རག་པ་དང་། ཁེར་རྐྱང་འདེབས་འཛུགས་དུད་ཚང་ཁག་གིས་ངང་ལག་རྒྱ་ལྕང་གི་སྡོང་ཕྲུག་རྐང་ཁྲི་8.19བཙོངས་པར་ཡོང་འབབ་སྒོར་ཁྲི་94ལྷག་ཙམ་རག་ནས་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་365ལྷག་ཙམ་ཟིན་ཡོད”ཅེས་གསར་འགོད་པར་བཤད།
ངང་ལག་རྒྱ་ལྕང་འདེབས་འཛུགས་བྱས་པའི་ཕན་ཡོན་མིག་སྔའི་དཔལ་འབྱོར་གྱི་ཡོང་འབབ་ཙམ་མ་ཟད། ད་དུང་ཕུགས་ལ་ཕན་པའི་སྐྱེ་ཁམས་ཀྱང་ལེགས་སུ་ཕྱིན་ཡོད། འདི་ལོ་ལོ་61ལ་སླེབས་པའི་གྲོང་མི་འཆི་མེད་ཕུན་ཚོགས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རེ་བཅོལ་བ་ཞིག་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་གི་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས། “སྔོན་ཆད་ལྷགས་པ་རྒྱག་ཐེངས་རེར་གྲོང་ཚོར་ཐལ་རྡུལ་གྱིས་ཁེངས་ཀྱི་རེད། ཡིན་ན་ཡང་། ཉེ་བའི་ལོ་ཤས་རིང་། ཤིང་མང་པོ་བཙུགས་པས། ང་ཚོའི་གྲོང་ཚོའི་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། ད་དུང་མཁའ་རླུང་ཡང་ལེགས་སུ་ཕྱིན་ནས། གྲོང་ཚོའི་ནང་དུ‘འབྲོག་པའི་སྤྲོ་སྐྱིད་ཁང’གཉེར་མཁན་ཡང་ཡོད་པས་ང་ཚོའི་གྲོང་ཚོར་གླིང་ག་གཏོང་བར་ཡོང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་བཤད།