དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོའི་བསིལ་འདེབས་སྔོ་ཚལ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-22

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཞིང་ཁ་ཞིག་ཏུ་ས་མཐོའི་བསིལ་འདེབས་སྔོ་ཚལ་སྣ་ཁ་20ལྷག་ཙམ་སྨིན་ཞིང་། ལི་ཧྲེང་ལེན་གྱིས་གསར་དུ་བཀོག་པའི་སྔོ་ཚལ་ཆག་པ་གཅིག་བཟུང་ནས་རྣང་མའི་ཐོག་འགྲོ་བཞིན་འདུག མི་རིང་བའི་སར་ཡོད་པའི“ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི”ཞེས་པའི་བྱང་བུ་ཧ་ཅང་མངོན་གསལ་དོད།

    ལོ་45ལ་སླེབས་པའི་ལི་ཧྲེང་ལེན་ནི་དགོན་ལུང་རྫོང་ཐའེ་ཙི་ཤང་ཐང་པ་གྲོང་ཚོའི་གྲོང་མི་ཡིན། སྟོན་ཚུགས་རྗེས་ནི་ལོ་གཅིག་ནང་གི་བྲེལ་ཆེ་ཤོས་ཀྱི་དུས་ཡིན། ཉེ་བའི་ལོ་གཉིས་རིང་གཞི་ཁྱོན་ཆེན་པོས་གྲོང་ཚོའི་ནང་བསིལ་འདེབས་སྔོ་ཚལ་འདེབས་འགོ་ཚུགས་ཡོད། ལི་ཧྲེང་ལེན་གྱིས་རང་ཁྱིམ་གྱི་ལས་ཀ་ཚར་རྗེས། ད་དུང་གྲོང་ཚོའི“ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིར”ལས་ཀ་བྱེད་པས་ལོ་གཅིག་ལ་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་རག་གི་ཡོད།

    སྔོན་མ་དགོན་ལུང་རྫོང་གིས་གཙོ་བོ་གྲོ་དང་པད་ཁ་སོགས་སྲོལ་རྒྱུན་ལོ་ཏོག་འདེབས་ཀྱི་ཡོད་པས་ལོ་ཧྲིལ་པོར་འདེབས་སྐོར་གཅིག་དང་མུའུ་རེ་ནས་ཡོང་འབབ་སྒོར་2000ཡང་ཟིན་གྱི་མེད། ནང་ས་དང་ལྷག་པར་དུ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁྲོམ་རའི་དགོས་མཁོར་དམིགས་ནས། ས་གནས་ཀྱིས་ཞིང་ལས་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ས་མཐོའི་བསིལ་འདེབས་སྔོ་ཚལ་ནང་འདྲེན་བྱས་པ་དང་། སྔོ་ཚལ་གྱི་སྣ་ཁ་དེ་དག་ལས་མང་ཆེ་བ་ལོ་རེར་འདེབས་སྐོར་གསུམ་ཐུབ་པས་མུའུ་རེའི་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཟིན་ནས་འདེབས་འཛུགས་དུད་ཚང་གི་ཡོང་འབབ་ཆེས་ཆེར་འཕར་ཡོད།

    དགོན་ལུང་རྫོང་ཧུང་ཡ་ཙི་ཀོའུ་ཤང་ལའོ་ཡོའུ་གྲོང་ཚོའི་གྲོང་མི་60ལྷག་ཙམ་གྱིས་ཞིང་ནང་དུ་སྔོ་ཚལ་བཀོག་བཞིན་འདུག འདི་ལོར། ལའོ་ཡོའུ་གྲོང་ཚོས་སྔོ་ཚལ་ཁུའུ་ཅུས་དང་ཧྲེང་ཚལ་ཚོད་མ་སོགས་ཤང་ཀང་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་མུའུ་160བཏབ་ཡོད། གྲོང་ཚོའི་ས་ཞིང་དག་བེད་སྤྱོད་ཡག་པོ་གཏོང་ཆེད། ལའོ་ཡོའུ་གྲོང་ཚོས་ཞིང་ཁ་ཚབ་གཉེར་བྱེད་སྟངས་འཚོལ་ཞིབ་བྱས་ཐོག་གྲོང་ཚོའི་མཉམ་སྡེབ་ཀྱིས་གྲོང་ཚོའི་ཞིང་ཁ་ཚང་མ་འགན་གཙང་བླངས་ནས་བསིལ་འདེབས་སྔོ་ཚལ་སོགས་ཞིང་ལས་སྐྱེ་དངོས་བཏབ་པས། གྲོང་མིར་ས་ཞིང་ཚབ་གཉེར་གྱི་དངུལ་རག་པ་ཕུད། ད་དུང་ཞིང་ཁར་ཞོར་ལས་བྱེད་ཆོག་པས་ཡོང་འབབ་མང་དུ་གཏོང་ཆོག

    ལའོ་ཡོའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་རུན་གྱིས། འདི་ལོར་སྔོ་ཚལ་འདེབས་འཛུགས་ཁོ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་30ལས་བརྒལ་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད།

    ཟི་ལིང་ཚའོ་ཅཱ་པའོ་གནམ་ཐང་འགག་སྒོ་ལྟ་འདོམས་ཁོའོ་ཡི་ཁོའོ་ཀྲང་རིན་ཆེན་མཚོ་ཡིས། སྔོ་ཚལ་འདེབས་འཛུགས་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས་འགག་སྒོ་ལས་ཁུངས་ཀྱིས་གཅིག་གཏད་གཅིག་གི་རོགས་སྐྱོར་བྱས་ཡོད། དགོན་ལུང་རྫོང་གི་ཁེ་ལས་17གྱིས་ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཐོ་འགོད་སྙན་སེང་ཞུས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “མིག་སྔར་དགོན་ལུང་རྫོང་གིས‘ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི’ཁྱོན་16བསྐྲུན་པ་དེ་དག་གི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་2ཟིན་ནས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་20ཙམ་ལ་འབབ་འཕར་སྐུལ་ཁྲིད་ཐུབ་ཡོད། འདི་ལོ་ད་དུང་ཨ་རི་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་མངགས་ཐོ་ཡང་འབྱོར་བྱུང་། མིག་སྔར་ཕྱི་རྒྱལ་གྱི་མངགས་ཐོའི་རྒྱ་ཁྱོན་མུའུ་3500ལས་བརྒལ་ཡོད”ཅེས་ཀྲུའུ་ཨན་ཤང་གིས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།