བོད་ཤར་གྱི་མཛེས་ལྗོངས་ཉམས་སུ་མྱངས། རིག་གནས་ཀྱི་སྟོན་མོ་ལོངས་སུ་སྤྱད།
གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་སྐོར་གྱི་ཟུར་བྲིས།
འདི་ནི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་8པའི་ཆབ་མདོར་གཙང་གསུམ་ལང་ལོང་དུ་རྒྱུག་པ་དང་། ལྗོན་ཤིང་རབ་ཏུ་རྒྱས་པ། ཡུལ་ལྗོངས་ལྟ་ན་སྡུག་པ། ཡུལ་སྐོར་བས་ཁེངས་པ་བཅས་ཀྱི་རྣམ་པ་ཞིག་མངོན། ཚེས་19ཉིན་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ཆབ་མདོ་གྲོང་ཁྱེར་ཅིན་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་དང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་གཉེར་འགན་འཁུར་ཡོད། སྔ་དྲོའི་ཆུ་ཚོད་10པར་ཅིན་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་སྙན་འཇེབས་ཀྱི་རོལ་དབྱངས་གྲགས་པ་དང་སྦྲགས་གཟུགས་སྟོབས་ཆེ་བའི་ཁམས་པའི་ཕོ་གཞོན་ཚོས་རྟར་བཞོན་ཏེ“ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”དར་དམར་མཐོན་པོར་བསྒྲེངས་ནས་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་དུ་རྒྱུག་སྟེ་བོད་ཤར་གྱི་བུ་ཕྲུག་རྣམས་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོ་མཚོན་པར་བྱས།
འགོ་ཚུགས་མཛད་སྒོའི་ལེ་ཚན་གླུ་བྲོའི་ཟློས་གར《ཇ་རྟའི་གནའ་ཉམས》མཛེས་སྡུག་ལྡན་པའི་གར་སྟེགས་ཇུས་འགོད་དང་བརྗིད་ཉམས་ལྡན་པའི་རྒྱབ་ལྗོངས་རོལ་དབྱངས་ཁྲོད་དལ་གྱིས་འཁྲབ་སྟོན་བྱས་པ་དང་། དེས་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པའི་ངོ་མཚར་གཏམ་རྒྱུད་ནས་འགོ་བརྩམས་ཏེ་གནའ་བོའི་དར་གོས་ལམ་བུ་དང་ཇ་རྟའི་གནའ་ལམ་མཉམ་འདྲེས་དང་འཕེལ་རྒྱས་འབྲེལ་མཐུད་བྱས་ཏེ། རྒྱ་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་བསྐྱར་དུ་མངོན་པར་བྱས།
ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ“ཐུན་མོང་གི་ཁྱིམ་གཞིས”དང་། “བོད་སྐྱོར་ལོ་30” “དར་རྒྱས་མདུན་སྐྱོད” “བདེ་སྐྱིད་ལྡན་པའི་ཆབ་མདོ”བཅས་ལེ་ཚན་བཞི་ལ་དབྱེ་ཡོད། ལེ་ཚན་ཚང་མར་རང་ཚུགས་དང་ཞི་མཐུན་གྱི་ཁྱད་ཆོས་ལྡན་ཡོད་པས་ཇ་རྟའི་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་མངོན་གྱི་ཡོད། ལྟད་མོ་བ་མི་ཉུང་བ་ཞིག་ད་དུང་རིག་གནས་ཀྱི་རྣམ་པའི་ཁྲོད་དབྱིངས་ཞུགས་པ་དང་ཁོང་ཚོས་བློ་རྩེ་གཅིག་སྒྲིམ་ངང་འཁྲབ་སྟོན་ལ་ལྟ་བའམ་ཡང་ན་ལག་ཐོགས་ཁ་པར་ནང་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་པར་རྒྱག་བཞིན་མཆིས། ལྟད་མོ་བ་ནོར་བུས་ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་བརྒྱུད་ཇ་རྟའི་རིག་གནས་ཀྱི་དཀྱེལ་ཆེ་གཏིང་ཟབ་ཚོར་ཐུབ་བྱུང་ལ། ཆབ་མདོ་གྲོང་ཁྱེར་གྱི་རེ་བ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཀྱང་ཚོར་ཐུབ་བྱུང་ཞེས་བཤད།
ཆུ་ཚོད་གཉིས་ལྷག་ཙམ་རིང་གི་འཁྲབ་སྟོན《ངོ་མཚར་ཆེ་བའི་ཁམས་པ·བདེ་སྐྱིད་ལྡན་པའི་ཆབ་མདོ》ཞེས་པའི་ལེ་ཚན་གྱི་འཁྲབ་སྟོན་ཁྲོད་མཇུག་འགྲིལ་བ་དང་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོ་དལ་གྱིས་མཇུག་འགྲིལ་མོད། འོན་ཀྱང་རོལ་དབྱངས་རྣ་བར་སྔར་བཞིན་གྲགས་པ། དེ་ནི་ཀྱག་ཀྱོག་གི་ཇ་རྟའི་གནའ་ལམ་དང་འདྲ་བར་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་རིག་གནས་རྒྱུན་འཛིན་བྱས།
ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྱིས“བོད་སྐྱོར་ལོ་30·ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་ཚོང་དོན། ལུས་རྩལ། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་མང་པོའི་བྱེད་སྒོ་ད་དུང་གཅིག་རྗེས་གཉིས་མཐུད་སྤེལ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་རྣམས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལ་མུ་མཐུད་རོལ་ནས་ཆབ་མདོར་བཞད་པའི་རིག་གནས་མེ་ཏོག་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་རྒྱུ་རེད།