ཞི་ཅིན་ཕིང་གིས་ཧྥི་ཅིའི་ཙུང་ལི་ལན་པུ་ཁཱ་དང་མཇལ་འཛོམས་གནང་བ།
འདི་ནི་ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཧྥི་ཅིའི་ཙུང་ལི་ལན་པུ་ཁཱ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཧྥི་ཅིའི་ཙུང་ལི་ལན་པུ་ཁཱ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཧྥི་ཅིའི་སྐྱེས་པའི་མི་བདུན་གྱི་སྐྱུ་རུ་སྤོ་ལོའི་རུ་ཁག་ལ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་དངུལ་གྱི་རྟགས་མ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཧྥི་ཅི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་སང་ལོ་ཀྲུང་ཧྥིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་ཡོད། དུས་རབས་ཕྱེད་ཀ་ཙམ་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས་རྒྱལ་ཁབ་ཆེ་ཆུང་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཛའ་གྲོགས་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཧྥི་ཅིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱེད་པ་དང་ཧྥི་ཅི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ཏེ། ཀྲུང་ཧྥིའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ལན་པུ་ཁཱ་ཡུན་ནན་དང་། ཧྥུའུ་ཅན། ཀྲེ་ཅང་བཅས་ས་ཁུལ་གསུམ་དུ་འཚམས་འདྲིར་ཕེབས་པའི་གནས་ཚུལ་དང་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ་དབུལ་སྐྱོར་དང་དབུལ་པོ་ཉུང་གཏོང་ཐད་ཀྱི་ཀྲུང་གོའི་བྱེད་སྟངས་དང་ཉམས་མྱོང་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་དུང་ཕྱུར་14ལྷག་ཙམ་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ལ་ཀྲུང་གོས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་བྱ་གཞག་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཤིག་ཀྱང་ཡིན། བརྒྱུད་རིམ་དེའི་ནང་ང་ཚོས་མི་རིགས་དང་། ས་ཁུལ། མི་བཅས་གཅིག་ཀྱང་མ་ལུས་པ་བྱས་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་བྱ་བ་ཆེན་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་པས། ཀྲུང་གོ་ཡོངས་ཀྱི་མི་རིགས་56གི་མི་དམངས་ཀྱི་ཟོལ་མེད་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། མིག་སྔར་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་དེང་རབས་ཅན་ཞིག་རེད། ཀྲུང་གོ་དང་ཧྥི་ཅི་གཉིས་པོ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་སུ་གཏོགས་པས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་རོགས་རམ་བྱེད་པ་དང་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཞི་བདེ་རྒྱ་མཚོ་ཆེ་མོ་དེ་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོགས་ཀྱི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་འགྱུར་བ་བྱེད་འདོད་ཡོད།
ལན་པུ་ཁཱ་ཡིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཕུལ་བྱུང་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ལན་པུ་ཁཱ་ཡིས་གསུངས་དོན། ལོ་30ཡི་གོང་ངས་ཙུང་ལིའི་མིང་ཐོག་ནས་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་ཡོད། ད་ཐེངས་ཡུན་ནན་དང་། ཧྥུའུ་ཅན། ཀྲེ་ཅང་སོགས་ས་ཁུལ་དུ་ལྟ་སྐོར་དང་འཚམས་འདྲི་བྱས་པ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་དབུལ་ཕོངས་སེལ་བ་དང་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་གོར་ཐོབ་པའི་རླབས་ཆེའི་ངོ་མཚར་དང་གྲུབ་འབྲས་ཆེན་པོ་དངོས་སུ་མཐོང་བས་ཡི་རངས་ཆེན་པོ་སྐྱེས་བྱུང་། ཀྲུང་གོ་ཕྱོགས་ཀྱི་སྔོན་ཐོན་འདུ་ཤེས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་ལྷག་པར་དུ་གཞི་རིམ་དུ་བསྐྱོད་ནས་མི་དམངས་ཀྱི་སེམས་སྒྲ་ཉན་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་དང་། རྨང་གཞིའི་སྒྲིག་བཀོད། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱེད་པར་ཧྥི་ཅི་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མུ་མཐུད་མཉམ་སྐྲུན་བྱས་ཏེ་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞི་བདེ་རྒྱ་མཚོ་ཆེ་མོ་དེ་ཞི་བདེའི་རྒྱ་མཚོར་འགྱུར་བ་བྱེད་ཀྱི་ཡིན། ཧྥི་ཅི་ཕྱོགས་ཀྱིས་ཐའེ་དབན་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྦད་དེ་བསམ་ཤེས་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡིན།
ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧྥེ་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།