དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་མཇལ་འཕྲད་གནང་སྐབས་ནན་བཤད་གནང་དོན།

    ང་རྒྱལ་དང་འཚབ་འཚུབ་སྤངས་ནས་ཡང་འབད་བསྐྱར་འབད་ཀྱིས་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས།

    ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི། ཧན་ཀྲེང་བཅས་མཇལ་འཕྲད་གནང་སྐབས་ལྷན་དུ་ཞུགས་ཡོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-22

    ཟླ་8ཚེས་20ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི། ཧན་ཀྲེང་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

    འདི་ནི་ཟླ་8ཚེས་20ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི། ཧན་ཀྲེང་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོང་མི་ཡོངས་ལ་མཇལ་འཕྲད་གནང་ཞིང་། ཁོང་གིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཁྱེད་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སྙིང་རུས་ཆེན་པོས་འབད་བརྩོན། དཔའ་ངར་ཆེན་པོས་ཨང་དང་པོ་བརྩོན་ལེན། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཐོག་ནས་རང་རྒྱལ་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱི་རྒྱལ་དུ་སྤེལ་བའི་འགྲན་བསྡུར་ནང་ཞུགས་པར་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ་དང་འགྲན་བསྡུར་དང་བསམ་པའི་དཔལ་ཡོན་གཉིས་ཀར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་ཐོབ་པར་བྱས་ཡོད་ཅེས་ནན་བཤད་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚང་མ་རྒྱལ་ཁའི་ངང་ཕྱིར་ལོག་བྱས་པར་དགའ་བསུ་ཞུས་པ་དང་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི། ཧན་ཀྲེང་བཅས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་20ཙམ་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འཐུས་མི་ཚོགས་པའི་ཁོངས་མིའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ནི་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ཀྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཀྱང་ཡིན་པས་དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་གང་ལེགས་མངོན་ཡོད།

    རྒྱལ་ཁབ་མངའ་ཐང་རྒྱས་ཚེ་ལུས་རྩལ་དར་རྒྱས་ཡོང་བ་དང་རྒྱལ་ཁབ་སྟོབས་ཆེན་པོ་ཡོད་ཚེ་ལུས་རྩལ་སྟོབས་ཆེན་པོ་ཡོང་ཐུབ། རང་རྒྱལ་འཛམ་གླིང་གི་ལུས་རྩལ་རྒྱལ་ཁབ་ཆེན་པོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་ཁབ་སྟོབས་ཆེན་གྲས་སུ་ཚུད་དོན་གཙོ་བོ་ནི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལུས་རྩལ་རྩལ་འགྲན་དང་སྦྱོང་བརྡར་ལ་སྔོན་ཐོན་ཚན་རྩལ་གྱི་འདེགས་སྐྱོར་དང་དངོས་པོའི་འགན་ལེན་བརྟན་པོ་ཡོད་ལ། ཁྱབ་ཁོངས་ཁག་གི་ལུས་རྩལ་ཤེས་ལྡན་པ་འབུར་དུ་ཐོན་པར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་དང་རྒྱ་ཆེའི་མང་ཚོགས་ཀྱི་རྨང་གཞི་ཡང་བཏོད་པ་ལས་བྱུང་བ་ཞིག་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཚེ་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་དེ་བས་ལེགས་པ་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་རེད། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཕུལ་བྱུང་གྲུབ་འབྲས་ཀྱིས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་རྒྱས་གོང་འཕེལ་བཏང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཕན་ཚུན་འོད་སྟོང་འཕྲོ་བར་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད། འགྲན་བསྡུར་ནང་ཚང་མས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ“རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ནམ་ཡང་མི་སྒེར་ལས་ལྷག་པ”དང“ངའི་གསེར་གྱི་རྟགས་མ་འདི་རླབས་ཆེན་མེས་རྒྱལ་ལ་འབུལ”སོགས་ཀྱི་དམ་བཅའ་བློ་རྩ་བརྟན་པོས་བཞག་པ་དེ་ཐོག་ནས་མེས་རྒྱལ་གོང་དུ་བཀུར་བ་དང་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་ལྷད་མེད་ཀྱི་བརྩེ་སེམས་དང་། སྙིང་རུས་ཆེན་པོས་བརྩོན་ལེན་དང་འབད་བརྩོན་ལྷོད་མེད་བྱེད་པའི་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས། མཐུན་སྒྲིལ་མཉམ་ལས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པའི་རྩ་ཆེའི་གཤིས་རྒྱུད། ཀྲུང་གོའི་གཞོན་ནུ་མི་རབས་ཀྱི་གདེང་ཚོད་སྤྲོ་སྣང་དང་སེམས་རྩ་འཁོལ་ཅིང་མཛའ་བརྩེ་ལྡན་པའི་ཉམས་འགྱུར་བཅས་མངོན་ཡོད། ཁྱེད་ཚོས་འཛམ་གླིང་ཡོངས་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་དང་། ཀྲུང་གོའི་སྒོ་དབྱེ་བསྟུན་མཁས་དང་ཡར་རྒྱས་བརྩོན་ལེན་གྱི་དུས་རབས་ཀྱི་ཉམས་འགྱུར། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་། ངར་ཤུགས། གདེང་སྤོབས་བཅས་མཐོང་བར་བྱས་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་ཡོད་པས་སྤོབས་པ་བྱེད་ལ་ཁྱེད་ཚོར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ། སྤྱོད་གཙང་གི་གསེར་གྱི་རྟགས་མ་བཅས་བརྩོན་ལེན་མཐའ་འཁྱོངས་བྱས་ནས་ལུས་རྩལ་གྱི་ཀུན་སྤྱོད་དར་སྲོལ་དར་སྤེལ་བཏང་བར་བརྩི་འཇོག་དང་ཁས་ལེན་རྒྱ་ཁྱབ་ཐོབ་པ་དེ་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་གཟུགས་བརྙན་གང་ལེགས་མངོན་ཡོད། འགྲན་བསྡུར་ནང་ཚང་མས་སྒྲིག་སྲོལ་ལ་བརྩི་སྲུང་དང་། འགྲན་ཡར་བརྩི་འཇོག ཤན་འབྱེད་ལ་བརྩི་འཇོག ལྟད་མོ་བར་བརྩི་འཇོག་བཅས་བྱས་ནས་འགྲན་བསྡུར་གྱི་སྒྲིག་ལམ་དང་ཡ་རབས་གུས་ལུགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁ་ཐོབ་རུང་ང་རྒྱལ་མི་བྱེད་པ་དང་ཕམ་རུང་ཡིད་ཐང་མི་ཆད་པར་རྩལ་འགྲན་དང་། ཀུན་སྤྱོད། ཉམས་འགྱུར་བཅས་ཚང་མའི་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་རེད།

    ཞི་ཅིན་ཕིང་གིས། ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དུས་འཁོར་གསར་པ་འགོ་ཚུགས་ཟིན་ཡོད། ཚང་མས་ང་རྒྱལ་འཚབ་འཚུབ་སྤངས་ནས་ཡང་འབད་བསྐྱར་འབད་ཀྱིས་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཆུ་ཚད་མཐོར་གཏོང་དང་། དགེ་སྤེལ་སྐྱོན་གསབ། ཤེས་ལྡན་པ་གསོ་སྐྱོང་མགྱོགས་མྱུར་བཅས་བྱས་ཏེ་སྤུས་ཚད་མཐོ་པོས་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ཀྱི་ལུས་རྩལ་གཅིག་རམ་གཅིག་འདེགས་ཡིན་པས། ཚང་མས་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཏེ། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།