“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆུ་གསོག་ཚད་བརྟན་པོའི་ངང་འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ལས་ཤེས་རྟོགས་བྱུང་བར།“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པའི་མཚོ་བོད་ས་མཐོའི་ལོ་རེའི་ཆུ་རླངས་འཁོར་རྒྱུག་ཁོ་ན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་1ལས་བརྒལ་ནས་བརྟན་པོའི་ངང་འཕར་ཡོད།
ཚེས་18ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་གིས་ལྷ་སར་འཚོགས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིབ་འཇུག་གི་གྲུབ་འབྲས་གསར་པ་ངོ་སྤྲོད་བྱས་ཤིང་། ཡའོ་ཐན་ཏུང་གིས། མིག་སྔར་མཚོ་བོད་ས་མཐོའི་ས་ངོས་ཀྱི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་10ལས་བརྒལ་ནས་ལོ་200རིང་གི་རྨ་ཆུའི་རྒྱུག་ཚད་དང་མཚུངས་ཀྱི་ཡོད་ཅེས་བརྗོད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ཡོངས་བསྒྲགས་བྱས་པའི་ཚན་རིག་རྟོག་ཞིབ་གྲུབ་འབྲས་ལས་མངོན་པར་གཞིགས་ན། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་མཚོ་བོད་ས་མཐོའི་འཁྱགས་རོམ་དང་གངས་གསོག་སོགས་མགྱོགས་མྱུར་ཉུང་དུ་དང་མཚོ་མོ་དང་ཆུ་བོ་སོགས་རྒྱ་ཁྱབ་ངང་མང་དུ་འགྲོ་གི་ཡོད་པ་རེད། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས། སླད་ཕྱིན་འགྱུར་ལྡོག་འདི་དག་གིས་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཐད་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན་ལ་སྔར་བས་ཞིབ་འཇུག་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།