དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་གལ་ཆེན་ ལྷ་སར་མཉམ་དུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-21

    འདི་ནི་ཟླ་8ཚེས་18ཉིན་སྐུ་མགྲོན་གྱིས“ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད། ‘འཁྱགས་ཐང་གཅིག་དང་། མཚོ་གཉིས། གཙང་པོ་གསུམ’གྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ”འགོ་ཚུགས་པའི་ཁྱབ་བསྒྲགས་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་ཧྲིལ་པོ་ལེགས་སུ་ཕྱིན་པ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དེ་ཚ་དྲོད་དང་བརླན་གཤེར་ཚད་བརྒལ་གྱི་དུས་མཚམས་སུ་སླེབས་པ། མིའི་རིགས་འགུལ་སྐྱོད་བྱེད་ཡུན་སྔ་ཤོས་ལོ་ཁྲི་19ཡི་གོང་ཐོན་སྲིད་ཡོད་པ་སོགས་རེད།

    ཚེས་18ཉིན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་དང་། ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་། པེ་ཅིང་སློབ་ཆེན། ལན་ཀྲོའུ་སློབ་ཆེན་སོགས་ཚན་པའི་ཚན་ཞིབ་རིགས་གཅིག་མཁས་ཅན་སྣེ་ཁྲིད་དེ་ད་རེས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཆེན་པོ་བཅུའི་གྲུབ་འབྲས་གལ་ཆེན་ལྷ་སར་མཉམ་དུ་ཡོངས་བསྒྲགས་བྱས་པ་རེད།

    མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དང་། སའི་གོ་ལའི་སྣེ་གསུམ་པ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་བཅས་ཡིན།

    2017ལོའི་ཟླ་8པར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་འགོ་ཚུགས་པ་ནས་བཟུང་། རང་རྒྱལ་གྱིས་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་2600ལྷག་ཙམ་དང་མི་ཐེངས་28000ལྷག་ཙམ་སྒྲིག་འཛུགས་བྱས་ནས་མཚོ་བོད་ས་མཐོའི་ཡུལ་ཁོངས་ཧྲིལ་པོར་ཚན་རིག་རྟོག་ཞིབ་བྱས་ཏེ། སའི་གོ་ལའི་སྣེ་གསུམ་པ་རྒྱུན་ཆད་མེད་པར་ཤེས་རྟོགས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་རབ་དང་རིམ་པ་མངོན་པར་བྱས་ཡོད།

    —— གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་སོང་ན། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ལ་དོ་སྙོམས་མེད་པའི་གནས་ཚུལ་ཐོན་སྲིད་དམ།

    ཚན་རིག་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བ་ལྟར་ན། འདས་ཟིན་པའི་ལོ་15ཡི་རིང་མཚོ་བོད་ས་མཐོར་གནམ་གཤིས་ཇེ་དྲོ་དང་། བཞའ་ཚན་ཇེ་ཆེ། རྩི་ཤིང་ཇེ་མང་བཅས་སུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་ལེགས་སུ་འགྲོ་བཞིན་ཡོད། འོན་ཀྱང་གནམ་གཤིས་ཚ་དྲོད་ཆེ་རུ་དང་བཞའ་ཚན་ཆེ་རུ་སོང་བའི་དབང་གིས་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དོ་སྙོམས་མེད་པ་དེས་ང་ཚོར་མངོན་མེད་རྐྱེན་ངན་ཁག་གཅིག་ཀྱང་ཐོན་ཡོད། ཚན་རིག་རྟོག་ཞིབ་དཔེ་དབྱིབས་ཀྱི་སྔོན་དཔག་ལྟར་ན། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དུས་རབས་21པར་ཚ་དྲོད་ཆེ་རུ་དང་བཞའ་ཚན་ཆེ་རུ་སོང་བའི་ཚད་བརྒལ་དུས་མཚམས་སུ་སླེབས་རྒྱུ་དང་། དུས་རབས་21པའི་དུས་མཇུག་ཏུ་ས་ཁུལ་ཁ་ཤས་ཀྱི་འཁྱགས་རོམ་དངོས་པོའི་གྱོང་གུན་ཕྱེད་ཀ་ལས་བརྒལ་རྒྱུ་ཡིན་པ་སོགས་རེད།

    “གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པ་དང་འཁྱགས་རོམ་ཞུ་བ་དང་ཆབས་ཅིག་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དེ་བས་དྲོ་ཞིང་བརླན་པར་གྱུར་ནས་དོ་སྙོམས་མེད་པར་གྱུར་ཡོད། མཚོ་བོད་ས་མཐོར་ས་བབ་ཅུང་དམའ་སའི་འཁྱགས་རོམ་ཆུང་གྲས་ཁག་གཅིག་མེད་པར་འགྱུར་བཞིན་ཡོད་ལ། དེ་ཡོ་རོབ་སོགས་འཛམ་གླིང་གི་ཡུལ་ལུང་གཞན་དག་གི་འཕེལ་ཕྱོགས་དང་གཅིག་མཚུངས་རེད”ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་ཀོང་ཅན་གྱིས་བཤད།

    —— སྐྱེ་དངོས་རིགས་གསར་པ་ཐོན་ནས། མཚོ་བོད་ས་མཐོར་གསར་རྙེད་གང་དག་བྱུང་ཡོད་དམ།

    རྩ་ཆེའི་སྐྱེ་དངོས་རིགས་སྣ་ཚོགས་འདུས་པའི་མཚོ་བོད་ས་མཐོར་སྐྱེ་དངོས་སྣ་མང་རང་བཞིན་སླར་ཡང་གསར་རྙེད་བྱུང་ཡོད།

    སྐབས་ཤིག་རིང་རྩ་མེད་དུ་སོང་བར་ངོས་འཛིན་བྱས་པའི་མེ་ཏོག་རྫོང་གི་ལུག་མཉེ་སོགས་རྩི་ཤིང་གི་རིགས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་སླར་ཡང་ཀུན་གྱི་མིག་ལམ་དུ་མངོན་པ་དང་། བྷང་ག་ལའི་སྟག་སོགས་རྩ་ཆེའི་སྲོག་ཆགས་ཀྱང་ཕྱི་རོལ་གྱི་བརྙན་ཤེལ་ནང་ཡང་ཡང་ཐོན་ཡོད།

    འབྲེལ་ཡོད་ཞིབ་འཇུག་ལས་མངོན་པར་གཞིགས་ན། བྷང་ག་ལའི་སྟག་ཡང་ཡང་མངོན་པ་དེ་ཐོག་ནས་བོད་ཀྱི་མེ་ཏོག་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་དང་བྱེད་ནུས་ཆ་ཚང་བ་མ་ཟད། གོ་ལ་ཧྲིལ་པོའི་རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་ཡང་གསལ་པོར་མཚོན།

    མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ད་ཕན་སྐྱེ་དངོས་རིགས་གསར་པ་3000ལྷག་ཙམ་ཤེས་རྟོགས་བྱུང་ཞིང་། དེའི་ཁྲོད་སྲོག་ཆགས་ཀྱི་རིགས་གསར་པ་205དང་། རྩི་ཤིང་གི་རིགས་གསར་པ་388 སྐྱེ་དངོས་ཕྲ་རབ་ཀྱི་རིགས་གསར་པ་2593བཅས་ཡོད།

    —— འཚོལ་ཞིབ་རྒྱུན་མི་ཆད། མཚོ་བོད་ས་མཐོའི་མིའི་རིགས་ཀྱི་འགུལ་སྐྱོད་ཅི་ཙམ་སྔ་བ་ཡོད་དམ།

    ཚན་རིག་རྟོག་ཞིབ་ལས་ཤེས་གསལ། མཚོ་བོད་ས་མཐོའི་མིའི་རིགས་ཀྱི་འགུལ་སྐྱོད་བྱེད་ཡུན་སྔ་ཤོས་དེ་ལོ་ཁྲི་19ཡི་གོང་ཐོན་ཡོད་སྲིད། ལྷ་སའི་ཆུ་བཟང་གྲོང་ཚོར་ཚན་རིག་རྟོག་ཞིབ་ཚོགས་པས་ད་ཕན་ལོ་ངོ་ཁྲི་16.9ནས་ཁྲི་22.6གོང་གི་འཛམ་གླིང་གི་བྲག་ངོས་སྒྱུ་རྩལ་སྔ་ཤོས་གསར་རྙེད་བྱུང་བ་དེས་ང་ཚོས་མཚོ་བོད་ས་མཐོར་སྔ་དུས་མིའི་རིགས་འཚོ་བ་སྐྱེལ་བ་ཤེས་ཐུབ།

    མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་བྲག་དཀར་བྲག་ཕུག་གི་གནའ་ཤུལ་དུ་ཞིབ་འཇུག་ཚོགས་པས་ད་བར་ཉུང་མཐར་ཡང་ལོ་ངོ་ཁྲི་16ཡོད་པའི་ཏན་ཉི་སུའོ་ཝ་བའི་མགལ་རུས་འགྱུར་རྡོ་གསར་རྙེད་བྱུང་ཞིང་། དེ་ཐོག་ནས་ཁྱུ་ཚོགས་དེ་སྔར་མཚོ་བོད་ས་མཐོའི་ས་བབ་མཐོ་སར་འཚོ་བ་སྐྱེལ་བཞིན་ཡོད་པ་གསལ་པོར་མཚོན། ཚན་རིག་རྟོག་ཞིབ་མི་སྣས་ཤེས་རྟོགས་བྱས་པ་ལྟར་ན། ཏན་ཉི་སུའོ་ཝ་བས་ས་ཁོངས་ནང་གི་སྲོག་ཆགས་མི་འདྲ་བ་ཟ་བས་ཟས་རིགས་ཀྱི་ཡོང་ཁུངས་འབེལ་བར་བརྟེན་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་ཅུང་ཆེན་པོ་ལྡན་པ་གསལ་པོར་མཐོང་ཐུབ།

    ཡའོ་ཐན་ཏུང་གིས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་པོའི་དགོས་མཁོ་ཞིག་རེད། འཚོལ་ཞིབ་ཆུ་བོའི་རྒྱུན་བཞིན་མཚམས་མི་འཇོག་པར་ཚན་རིག་རྟོག་ཞིབ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་མིའི་རིགས་མཚོ་བོད་ས་མཐོར་ཤེས་རྟོགས་དེ་བས་གཏིང་ཟབ་བྱེད་པའི་དུས་སྐབས་སུ་སླེབས་ཡོད། འབྱུང་འགྱུར་འཛམ་གླིང་སྐྱེ་བོ་ཀུན་ལ་དེའི་ལྐོག་གྱུར་གྱི་རྣམ་པ་མུ་མཐུད་གསལ་པོར་སྟོན་རྒྱུ་རེད་ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།